《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年10月11日

༄ སྟོན་གྱི་རང་མདངས།

གནམ་ལྷ་ཚེ་རིང་།

སྟོན་ཁ། མི་རྣམས་ཀྱི་རེ་སྨོན་གྱི་ལྷ་ལམ་ངོས་སུ་འོད་ལམ་ལམ་དུ་འཚེར་བའི་གསེར་མདོག་གི་ཉི་མ། སོ་ནམ་རྒན་པོའི་འཛུམ་ཞལ་གྱི་དཀྱིལ་འཁོར་ན་འོད་ཆེམ་ཆེམ་དུ་བརྡོལ་བའི་རྔུལ་ཆུའི་མུ་ཏིག

ཨེ་མ། སྟོན་ཟླ་ར་བའི་གཞོན་ནུས་སྤྲོ་སྣང་རུམ་གང་ཁྱེར་ནས། རི་གསུམ་གྱི་རྩེ་དང་ལུང་གསུམ་གྱི་མདོ། སྤང་ཐང་གི་གཤོངས་བཅས་སུ་ཞབས་ཟུང་གི་འདེགས་འཇོག་དལ་གྱིས་བསྒྱུར་བའི་ཚེ། སྟོན་རླུང་འཇམ་པོས་ཀྱང་བསིལ་དྲོད་ཀྱི་ལེགས་སྐྱེས་བསྣམས་ནས་ག་ལེར་ཕེབས་བྱུང་ལ། ཕ་ཡུལ་གྱི་བཞིན་རས་ལ་དྲོད་འཇམ་གྱི་བྱི་དོར་ཐེངས་གཅིག་གནང་།

བསིལ་འཇམ་གྱི་སྟོན་རླུང་ནི་ཅི་འདྲའི་ལྡེམ་མྱུར་གྱིས་ཕྱུག་པ་ལ་ཨང་། འབྲུ་དྲུག་སྙེ་མའི་མགོ་ལྕོག་ཆུ་གཏེར་གྱི་རྦ་རླབས་ཇི་བཞིན་བསྐྱོམས་པའི་རྣང་མའི་བར་དུ་སོ་ནམ་པ་ཚོའི་གདོང་ལ་འཛུམ་གྱི་པདྨོ་རང་དགར་གྲོལ་ཞིང་། སྟོན་གྱི་དྲི་བཞོན་དེ་ཉིད་བདེ་ལྕག་འཁྱུག་པའི་གར་སྟབས་ཀྱིས་ཕྱོགས་བཞིར་བགྲོད་པར་བྱེད། བསིལ་འཇམ་གྱི་རེག་བྱ་ཐེངས་གཅིག་གིས་ཀྱང་མིའི་ཡིད་ཡུལ་ལ་སྨྲ་བསམ་བརྗོད་འདས་ཀྱི་ཚོར་སྣང་ཞིག་སྦྱིན་པར་ངེས།

ཟམ་ཟིམ་གྱི་གྲུ་ཆར་ནི་སྟོན་ལྗོངས་ཀྱི་ཡིད་དུ་འོང་བའི་མཛེས་རིས་ཤིག་ཏུ་འཁུམས་ཏེ། སེང་ལྕམ་འབྲུག་མོའི་འཚེམ་དྲུབ་ཀྱི་རྒྱ་ཁབ་དང་འདྲ་ལ། སེང་རས་ཀྱི་རྒྱུ་སྤུན་ལྟར་ཕན་ཚུན་རྒྱུན་འབྲེལ་བའི་སྤྲིན་གྱི་མེ་ཏོག་ནི། གསེར་མདོག་གི་སྙེ་མས་ཀུན་ནས་བརྒྱན་ཞིང་དྲི་ངད་ཀྱི་བསུང་ཞིམ་གྱིས་གཏམས་པའི་འབྲུ་དྲུག་ལོ་ཏོག་གི་དགའ་སྟོན་དུ་འཇོ་བར་མ་ཟད། ད་དུང་ཞིང་པ་ཚོའི་རེ་སྨོན་དང་གཡུར་དུ་ཟ་བའི་འབྲས་བུ། དགའ་འབོད་ཀྱི་གླུ་སྒྲ་སྙན་མོ་བཅས་ཀྱིས་གྲུབ་པའི་ཆར་གྱི་ཐིགས་པ་རེ་རེས། རབ་མཛེས་ཀྱི་སྟོན་ལྗོངས་ལ་སྔར་མེད་ཀྱི་མཚར་སྡུག་ཅིག་བསྣན་འདུག་ཨང་།

ཕ་ཡུལ་གྱི་སྟོན་གཞུང་ནི་བརྗོད་མི་ཚར་བའི་གཏམ་རྒྱུད་ཅིག་དང་བྲིས་མི་ཚར་བའི་སྙན་ངག་ཅིག་ཡིན་ཏེ། སྟོད་འབྲོག་སྡེའི་རྐྱལ་བ་མར་གྱིས་བཀང་ཞིང་སྨད་རོང་སྡེའི་བང་བ་ནས་ཀྱིས་གཏམས་པས། རོང་འབྲོག་ཀུན་གྱིས་དགའ་བའི་གླུ་ལེན་ཞིང་སྐྱིད་པའི་བྲོ་འཁྲབ་བཞིན་གདའ།

ཚང་ཚིང་གི་ནགས་ཚལ་དུ་ལྗོན་ཤིང་རེ་འགའི་ལོ་འདབ་སེར་པོར་གྱུར་ཏེ་ཕྱེ་ལེབ་སྒེག་མོའི་འཕུར་ལྡིང་དང་འདྲ་བར་དལ་བ་དལ་བུར་ས་ལ་ཟགས་པ་དང་། ཡང་ལྗོན་ཤིང་འགའ་རེས་གཡུ་ཡི་མདོག་དང་པདྨ་རཱ་གའི་མདོག ལི་ཁྲིའི་མདོག་སོགས་ཁ་དོག་སྣ་མང་གི་ལྭ་བ་ཅི་རིགས་མནབས་ནས་ཡོད་པས། ཚོན་མདངས་སྣ་ཚོགས་ཀྱིས་བརྒྱན་པའི་ནགས་ཚལ་ནི་མི་ཡུལ་གྱི་དག་ཞིང་ངོ་མ་ཞིག་དང་ཨ་ན་མ་ན་རེད།

འཇམ་ཐིང་ཐིང་གི་ཞོགས་པར། གངས་ཀྱི་ཅོད་པན་སྤྲས་པའི་ས་འཛིན་གྱིས་ན་བུན་གྱི་སྐེད་རགས་བཅིངས་ཤིང་། ནོར་འཛིན་ཡངས་པོའི་གདན་སྟེང་དུ་བད་ཀྱིས་བཅུམས་པའི་རྩྭ་དང་རྩི་ཏོག་གིས་ཁོང་འདར་རྒྱག་བཞིན་མཆིས། སྔོ་བསངས་ཀུན་གསལ་གྱི་དབྱིངས་སུ། ལྷ་བྱ་ཁྲུང་ཁྲུང་གི་ཚོགས་རྣམས་གྲལ་བསྒྲིགས་ཏེ། ཡུན་རིང་གནས་སྡོད་བྱེད་སའི་ཡུལ་གྲུ་འདིར་འཁྲེང་ཞེན་གྱི་ཕྱི་མིག་འཕེན་བཞིན་ལྷོ་ཕྱོགས་ཚ་བའི་ཁུལ་དུ་གཤོག་རྩལ་བསྒྱུར་ལ་བྲེལ།

ལྷིང་འཇགས་ཀྱི་མཚན་མོར། རི་བོང་འཛིན་གྱི་བཞིན་རས་དབང་ཕྱོགས་ས་འཛིན་མཐོན་པོའི་ཕྲག་སྟེང་ནས་འཛུམ་པའི་ཚེ། མཛེས་སྡུག་གི་མཚན་ལྗོངས་ལ་དཀར་གསལ་གྱི་འོད་སྣང་བསྩལ་ནས་གསོན་ཤུགས་གསར་པ་རྒྱས་སུ་བཅུག སྟོན་མཇུག་སླེབས་པ་དང་མཉམ་དུ། སྟོན་དུས་ཀྱི་ཡིད་དུ་འོང་བའི་མཚར་ཉམས་དག་རིམ་བཞིན་ཕ་ཡུལ་དང་རྒྱང་དུ་གྱེས་ཏེ། གྲང་རེག་འཛིན་པའི་དགུན་ཁ་སླེབས་པར་སྟ་གོན་བགྱི་བཞིན་མཆིས་སོ།།