《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年10月11日

ཁྱིམ་མཚེས་དབར་གྱི་འགལ་ཟླ་བསལ། དམངས་འཚོའི་དོན་དངོས་ཡག་པོ་བསྒྲུབས།

—— སྨན་གླིང་གྲོང་ཁྱེར་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས“གཅིག་ འཐུས་རྣམ་པའི”ཐོག་ནས་མང་ཚོཌ་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་པ།

ཉེ་བའི་ལོ་ཤས་རིང་། སྨན་གླིང་གྲོང་ཁྱེར་གྱིས་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་དམིགས་ཚད་ལ་གཞིགས་ནས་ལམ་ལུགས་གསར་གཏོད་དེ་རྨང་གཞི་དང་། སྣ་མང་མཐུན་སྦྱོར་དེ་འགག་རྩ། བློ་རིག་གི་མཐུན་རྐྱེན་སྦྱོར་བ་དེ་འདེགས་སྐྱོར་བཅས་བྱས་ཤིང་། “གཅིག་འཐུས་རྣམ་པའི”ཞབས་ཞུ་བྱེད་སྟངས་ལེགས་སུ་རྒྱུན་མཐུད་བཏང་སྟེ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་བྱེད་པའི“ས་ཚིགས་མཐའ་མར”དངོས་འབྲེལ་འགྱུར་བར་བྱས་ནས། དུད་ཁྱིམ་མང་པོའི་དུས་བདེ་དང་བདེ་སྐྱིད་སྲུང་སྐྱོང་བྱེད་ཀྱི་ཡོད་པ་རེད།

སྨན་གླིང་གྲོང་ཁྱེར་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བསྐྱོད་སྐབས། གླ་ཕོགས་འགྱངས་ཆད་བྱས་པའི་དབང་གིས་ངལ་རྩོལ་པ་དང་ལས་མི་སྤྱོད་མཁན་དབར་གྱི་རྩོད་གཞི་རིམ་པ་ལྟར་འདུམ་འགྲིག་བྱེད་བཞིན་ཡོད། དེ་གོང་ལས་མི་དང་ལས་མི་སྤྱོད་མཁན་དབར་ཕན་ཚུན་བཟོད་སྒོམ་དང་བསམ་ཤེས་མ་ཐུབ་པའི་རྐྱེན་གྱིས་སྐབས་ཤིག་རིང་འགལ་བ་ཛ་དྲག་ཏུ་ཕྱིན་ཡོད། “ད་རེས་ཀྱི་འདུམ་འགྲིག་ནི་ལས་ཡུལ་གྱི་ངལ་རྩོལ་པ་དང་ལས་མི་སྤྱོད་མཁན་དབར་གྱི་རྩོད་གཞི་ཞིག་རེད། དེ་ཡང་སྦྱིན་བདག་གིས་ལས་མི་ཁག་ཐེངས་10ལྷག་ཙམ་གླས་ནས་ཨར་ལས་བྱས་པ་དང་། ལས་མཇུག་འགྲིལ་ནས་ཟླ་བ་ལྔ་ལྷག་ཙམ་སོང་ཡང་ལས་མི་ཚོར་གླ་ཆ་རག་མེད་པ་རེད། དེ་ནས་སྦྱིན་བདག་ལ་འབྲེལ་བ་ཐེངས་མང་བྱས་ཀྱང་འབྲས་བུ་མ་ཐོན་པས། ལས་མི་རྣམས་ཐབས་ཟད་འུ་ཐུག་ཏེ་ཁོང་ཚོ་ང་ཚོའི‘གཅིག་འཐུས་རྣམ་པའི’ཞབས་ཞུ་ལྟེ་གནས་སུ་རོགས་སྐྱོར་ཞུ་བར་ཡོང་བ་རེད”ཅེས་སྨན་གླིང་གྲོང་ཁྱེར་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཆེད་བསྐོས་མི་དམངས་འདུམ་འགྲིག་པ་མིག་དམར་གྱིས་གསར་འགོད་པར་ངོ་སྤྲོད་བྱས།

རེ་ཞུ་བདག་སྤྲོད་བྱས་རྗེས་འདུམ་འགྲིག་པ་མིག་དམར་གྱིས་འཕྲལ་མར་དོན་དག་དང་འབྲེལ་བ་ཡོད་པའི་ཁེ་ལས་དང་འཕྲལ་མར་འབྲེལ་གཏུག་བྱས་ནས་འགལ་བའི་གནད་འགག་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་པ་མ་ཟད། ཕྱོགས་གཉིས་དབར་འབྲེལ་འདྲིས་དང་གྲོས་མོལ་ཐེངས་མང་བྱས་པ་དང་ངང་རྒྱུད་རིང་པོས་ཁ་ཏ་བསླབ་བྱ་ཡང་བྱས་པ་རེད། གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་མི་གྲངས་མང་བ་དང་གྱོད་འབྲེལ་དངུལ་འབོར་མང་བར་བསམ་གཞིག་བྱས་ཏེ། ལྟེ་གནས་ཀྱིས་རང་འགུལ་ངང་ངལ་རྩོལ་ཁྲུན་གཅོད་དང་བཅའ་ཁྲིམས་རོགས་སྐྱོར་སོགས་ཆེད་ལས་སྟོབས་ཤུགས་བཏོན་ནས་འདུམ་འགྲིག་ནང་མཉམ་དུ་ཞུགས་པའི་ཁར། གནད་སྨིན་ཇུས་བསྟར་དང་མཉམ་དུ་འགག་སྒྲོལ་ཡོང་བར་བྱས་ཡོད། མཐར་ཕྱོགས་གཉིས་པོའི་དབར་བསམ་འཆར་གཅིག་མཐུན་བྱུང་བ་དང་འཕྲལ་མར་གླ་ཆ་སྤྲོད་པའི་གྲོས་མཐུན་ལ་མིང་རྟགས་བཀོད་པས། ལས་མི་ཚོའི་གླ་ཕོགས་ཀྱི་གནད་དོན་བདེ་བླག་ངང་སེལ་ཐུབ་པ་བྱུང་ཡོད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) འགལ་བ་དང་རྩོད་གཞི་སེལ་སྐབས། མཐའ་མའི་ཐག་གཅོད་ལ་དམ་འཛིན་བྱེད་དགོས་པ་མ་ཟད། ཐོག་མའི་སྔོན་འགོག་ལ་དེ་བས་ཀྱང་དམ་འཛིན་བྱེད་དགོས། སྨན་གླིང་གྲོང་ཁྱེར་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་ཆེད་མངགས“བུ་བཟང་འདུམ་འགྲིག་ཁང”བཙུགས་ནས་རྒྱལ་ཡོངས་ཀྱི་དཔེ་བཟང་འདུམ་འགྲིག་པ་བུ་བཟང་གིས་ས་ཚིགས་སུ་བཅའ་སྡོད་གཞུང་དོན་བསྒྲུབས་པ་དང་། ཡུལ་སྐད་ལ་བརྟེན་ནས་ཕ་ཡུལ་གྱི་རྩོད་གཞི་བསལ་བ་དང་ལྷག་བསམ་རྣམ་དག་ལ་བརྟེན་ནས་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ་རེད། དེ་ཡང་བུ་བཟང་དང་དེ་བཞིན་འདུམ་འགྲིག་ཁང་གི་ཁོངས་མིས་རྒྱུན་རྣམ་ཅན་གྱི་སྒོ་ནས་མང་ཚོགས་ལ་སྣེ་ལེན་ཞུས་པ་དང་། ཁྱིམ་མཚེས་དབར་གྱི་འགལ་བ་དང་རྩོད་གཞི་སྣ་ཚོགས་ལ་ངང་རྒྱུད་རིང་པོས་འདུམ་འགྲིག་བྱས་པ་མ་ཟད། ད་དུང་དུས་བཀག་ལྟར་ཤང་གྲོང་དང་གྲོང་ཚོ་དེ་བཞིན་ཚོགས་ཆུང་དུ་བསྐྱོད་དེ་འགལ་བ་དང་རྩོད་གཞིའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ནས་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་ཞུགས་པ། སྔ་ཙམ་སེལ་བ་བཅས་བྱེད་པར་གཞོལ་གྱི་ཡོད།

“བུ་བཟང་འདུམ་འགྲིག་ཁང”བཙུགས་པ་ནས་བཟུང་། རིམ་རྩིས་བརྒྱབ་ན་འགལ་བ་དང་རྩོད་གཞི་སྣ་ཚོགས་250ལྷག་ཙམ་འདུམ་འགྲིག་བྱས་པ་མ་དངུལ་སྒོར་ཁྲི་1800ལྷག་ཙམ་དང་འབྲེལ་བ་ཡོད་ཅིང་། དངོས་སྒྲུབ་ལ་བརྟེན་ནས་ལས་ཀར་གཞོལ་བས་མང་ཚོགས་ཀྱི་ཁས་ལེན་ཡག་པོ་རྒྱ་ཁྱབ་ཐོབ་ཡོད།

དྲོ་སྐྱིད་ལྡན་པའི་རྣམ་པ་འདི་ལྟ་བུ་སྨན་གླིང་གྲོང་ཁྱེར་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་སྔ་ས་ནས་རྒྱུན་གཏན་དུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། སྨན་གླིང་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། ལས་ཀའི་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་དང་བཅོས་སྐྱོང་ཐོན་ཁུངས་བསྡུ་སྒྲིལ་བྱས་ཤིང་། “གཅིག་འཐུས་རྣམ་པའི་བདག་སྤྲོད་དང་། སྣ་མང་ཅན་གྱི་ཐག་གཅོད། འཁོར་འབྲེལ་ཧྲིལ་པོའི་ཞབས་ཞུ”བཅས་ཀྱི་འགལ་བ་དང་རྩོད་གཞི་སེལ་བའི་མ་ལག་བཙུགས་ཡོད། དེར་བརྟེན་མང་ཚོགས་ཀྱི་རེ་ཞུའི་ཐད་ས་ཆ་དེ་རང་དུ་བརྡ་ལན་ཡོད་ལ་འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་སེལ་བ་དངོས་འབྲེལ་མངོན་འགྱུར་བྱུང་ཡོད།

“ལྟེ་གནས་ཀྱིས་སྣེ་ཁྲིད་བདག་སྤྲོད་དང་། སྣ་མང་འདུམ་འགྲིག བཀོད་འདོམས་བཀོད་གཏོང་བཅས་བྱེད་ནུས་ཁུལ་ཆེན་པོ་གསུམ་ཚན་རིག་དང་མཐུན་པའི་ངང་དབྱེ་བ་དང་། ཐོན་ཁུངས་བསྡུ་སྒྲིལ་དང་ལམ་སྲོལ་ལེགས་སྒྱུར་བྱས་པ་མ་ཟད། ‘འཐུས་མི་གཉིས་དང་ཨུ་ཡོན་གཅིག’གི་སྣེ་ལེན་ཁང་དང་། སེམས་གསོ་ཇ་ཁང་། མྱུར་འདུམ་ཁྲིམས་ར་སོགས་བྱེད་ནུས་ཁུལ་ཆེད་མངགས་བཟོས་པ། ཡིག་འབུལ་ཞུ་བཅར་སྣེ་ལེན་དང་ངལ་རྩོལ་ལྟ་ཞིབ་སོགས་ཀྱི་སྡེ་ཚན་26དང་ཆེད་ལས་མི་སྣ་60ཡི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ‘གཅིག་འཐུས་རྣམ་པའི’ཞབས་ཞུའི་ལས་སྟེགས་བསྐྲུན་ཡོད”ཅེས་སྨན་གླིང་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་བདེ་སྐྱིད་དབང་མོས་ངོ་སྤྲོད་བྱས་ཤིང་། ཁོང་གིས། 2025ལོར་གྲོང་ཁྱེར་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་རིམ་རྩིས་བརྒྱབ་ན་འགལ་བ་དང་རྩོད་གཞི་409གྲལ་བཤེར་དང་བདག་སྤྲོད་དང་། གྱོད་གཞི་373འདུམ་འགྲིག་ཐག་གཅོད། ཁྲིམས་ཁང་ལ་ཁྲིམས་འཛིན་གཏན་འཁེལ་གྱི་གྱོད་གཞི་83རྩིས་སྤྲོད་བཅས་བྱས་ཤིང་། འགལ་བ་ཐག་གཅོད་བྱེད་ཚད་91.19%ཟིན་པར་འབྲེལ་ཡོད་མ་དངུལ་སྒོར་ཁྲི་6873.48ཟིན་ཡོད་ཅེས་བརྗོད།

ད་ཆ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་འཕེལ་རིམ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་ཐེབས་ཤིང་། སྨན་གླིང་གྲོང་ཁྱེར་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དེ་གཞི་རིམ་བཅོས་སྐྱོང་གི“དབང་རྩའི་ལྟེ་གནས”ཡིན་པའི་ངོས་ནས་དེ་བས་གལ་འགངས་ཆེ་བའི་ནུས་པ་འདོན་བཞིན་ཡོད་པ་དང་། དེ་ལས་ཞབས་ཞུ་ཞིབ་ཚགས་ལ་བརྟེན་ནས་དམངས་སེམས་དྲོས་པར་བྱེད་པ་དང་། རིག་ནུས་ཅན་གྱི་བྱ་ཐབས་ལ་བརྟེན་ནས་ཕན་ནུས་ཆེ་རུ་གཏོང་བ། མི་གཤིས་ཅན་གྱི་འདུམ་འགྲིག་ལ་བརྟེན་ནས་དམངས་ཀྱི་སེམས་ཁྲལ་སེལ་བ། བྱ་སྤྱོད་དངོས་ཀྱི་ཐོག་ནས་གཞི་རིམ་གྱི་དུས་བདེའི་འགོག་རགས་བརྟན་པོ་སྐྲུན་པ་བཅས་བྱེད་ཀྱི་ཡོད་པ་རེད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། པ་ཕན་གྱིས་ཞུས)