འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་9ཉིན་གནས་ཚུལ་འབྱོར་གསལ། ཟླ་10ཚེས་8ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ལྷ་སར་ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ལིའུ་ཨའེ་ལི་བཅས་པ་དང་མཇལ་འཛོམས་གནང་བ་རེད།
ཧུའུ་ཁྲང་ཧྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལིའུ་ཨའེ་ལི་བཅས་པར་དགའ་བསུ་ཞུས་གནང་བ་དང་། ཀྲུང་གོ་སྦྲག་སྲིད་ཚོགས་པས་དུས་ཡུན་རིང་པོའི་ནང་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་ངོ་སྤྲོད་མདོར་བསྡུས་ཀྱང་གནང་ཞིང་། ཁོང་གིས། མིག་སྔར་བོད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་དོན་འཁྱོལ་ཡོང་བར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་དམ་འཛིན་ཡག་པོ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་སྦྲག་སྲིད་ཚོགས་པས་སྔར་རྒྱུན་བཞིན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ་ཁ་གཏད་རོགས་སྐྱོར་ལས་དོན་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་དང་དེང་རབས་ཟོག་འགྲུལ་མ་ལག་འཛུགས་སྐྱོང་སོགས་ཐད་ཀྱི་མཉམ་ལས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་ཕྱོགས་གཉིས་པོའི་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྔར་བས་སྐུལ་འདེད་བཏང་ཐོག་གཉིས་ཁེ་གཉིས་ཕན་ཡོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།
ལིའུ་ཨའེ་ལི་ཡིས། ཀྲུང་གོ་སྦྲག་སྲིད་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དེར་གོ་བ་གཏིང་ཟབ་བླངས་ནས་རང་ངོས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་ཟོག་འགྲུལ་མ་ལག་འཛུགས་སྐྱོང་དང་། མྱུར་སྐྱེལ་གྲོང་ཚོར་ཁྱབ་པ། ཡོངས་ཁྱབ་ཞབས་ཞུ་སོགས་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཀརྨ་ཚེ་བརྟན་དང་། ཀུང་ཧུའེ་ཚའེ། ལྕགས་རྭ་བློ་བཟང་བསྟན་འཛིན་བཅས་ལྷན་དུ་ཕེབས་པ་རེད།
(ཚེ་ལྷས་བསྒྱུར། བདེ་སྐྱིད་དང་ཚེ་ལྷས་ཞུས)