《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年10月10日

“རྟག་ཏུ་བློ་བཟོད་མི་བདེ་བའི”ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་སེམས་ནུས་ཡོད་རྒུས་དུས་བདེ་དང་བརྟན་ལྷིང་རང་འགུལ་ངང་གཏོད་དགོས།

ཟླ་10ཚེས་8ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ལྷ་ས་གྲོང་ཁྱེར་དུ་གཞི་རིམ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འཛུགས་སྐྱོང་དང་འཁོར་རྒྱུག་སྐོར་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཧུའུ་ཁྲང་ཧྲེང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

ཟླ་10ཚེས་8ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ལས་བྱེད་པའི་ཚོགས་ཆེན་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་འགོ་ཁྲིད་གཙོ་བོ་བསྐོ་གཞག་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་ཁྱབ་བསྒྲགས་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་8ཉིན་གནས་ཚུལ་འབྱོར་གསལ། ཟླ་10ཚེས་8ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ལྷ་ས་གྲོང་ཁྱེར་དུ་གཞི་རིམ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འཛུགས་སྐྱོང་དང་འཁོར་རྒྱུག་སྐོར་ལ་བརྟག་ཞིབ་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ལས་བྱེད་པའི་ཚོགས་ཆེན་གཙོ་སྐྱོང་ཡང་གནང་བ་རེད། ཁོང་གིས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྲིད་ཁྲིམས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། “རྟག་ཏུ་བློ་བཟོད་མི་བདེ་བའི”ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་སེམས་ནུས་ཡོད་རྒུས་དུས་བདེ་དང་བརྟན་ལྷིང་རང་འགུལ་ངང་གཏོད་པ། ཉེན་ཁ་དང་མངོན་མེད་རྐྱེན་ངན་ཚབས་ཆེན་ནུས་ཤུགས་ཡོད་རྒུས་སྔོན་འགོག་དང་སེལ་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་གཡས་གཞོགས་གཡོན་འདེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ། ཧུའུ་ཁྲང་ཧྲེང་གིས་ལས་དོན་པ་དང་སྤེལ་རེས་གཏིང་ཟབ་གནང་ནས་གཞི་རིམ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་གྱི་འཛུགས་སྐྱོང་དང་འཁོར་རྒྱུག་གནས་ཚུལ་དང་དྲ་མིག་པ་སྐབས་བསྟུན་བཀོད་གཏོང་ལས་དོན་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ནི་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ཤེས་རྟོགས་དང་མང་ཚོགས་ཀྱི་རེ་ཞུ་ཐག་གཅོད་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་རེད། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ལས་ཀའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་རྒྱག་པ། མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམིགས་པ། ཞུ་གཏུག་གི་འདུམ་འགྲིག་དང་། ཉེན་དོན་གྱི་འདུམ་འགྲིག ཞུ་བཅར་གྱི་འདུམ་འགྲིག་བཅས“འདུམ་འགྲིག་གསུམ་འབྲེལ་མཐུད”དམ་འཛིན་བྱ་གཞིར་བྱེད་པ། མི་དམངས་ཀྱི་འདུམ་འགྲིག་དང་། སྲིད་འཛིན་གྱི་འདུམ་འགྲིག ཁྲིམས་འཛིན་གྱི་འདུམ་འགྲིག་བཅས་སྦྲེལ་མཐུད་ནུས་ལྡན་དང་ནུས་ཆེའི་མཉམ་འགུལ་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ངང་རྒྱུད་རིང་ཞིང་ཞིབ་ཚགས་པོས་ཐག་གཅོད་བྱེད་པ་བཅས་བྱས་ཏེ་འགལ་བ་དང་རྩོད་གཞི་གཞི་རིམ་དང་ཐོན་བཟོ་ཡོད་དུས་ནས་སེལ་གང་ཐུབ་བྱེད་དགོས་ཞེས་གསུངས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་འབྲེལ་ཡོད་ཁྲུའུ་དང་ཁང་དུ། ཧུའུ་ཁྲང་ཧྲེང་གིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་ཚུལ་དང་ཕྱོགས་བསྡུས་ཆ་འཕྲིན་ཅན་གྱི་ལས་སྟེགས་སྐྲུན་ཚུལ་མཁྱེན་རྟོགས་ནན་ཏན་གནང་ཞིང་། ཁོང་གིས། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་པ། ཉེན་ཁ་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་རྒྱག་པ། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་དམངས་ཡོངས་ཀྱིས་ཤེས་པ་དང་། དམངས་ཡོངས་ཞུགས་པ། དམངས་ཡོངས་ཀྱིས་ལྟ་སྐུལ་བཅས་ཀྱི་ལས་ཀའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་དར་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕྱོགས་བསྡུས་བཅོས་སྐྱོང་ཆ་འཕྲིན་ཅན་གྱི་ལས་སྟེགས་སྟོབས་ཆེར་གཏོང་བ་དང་། སྔོན་དཔག་སྔོན་བརྡ་སྔོན་འགོག་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ། སྔོན་ལ་བྱ་སྤྱོད་སྤེལ་བ་དང་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

བརྟག་ཞིབ་གནང་རིང་། ཧུའུ་ཁྲང་ཧྲེང་གིས་རང་ལྗོངས་ཀྱི་དུས་བདེའི་ཀྲུང་གོ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་དང་རྫོང་གི་འཐུས་མིར་མཇལ་འཕྲད་གནང་ནས་ཁོང་ཚོར་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་པ། འཛུགས་གཏོད་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ། འཛུགས་གཏོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། དུས་བདེ་འཛུགས་སྐྱོང་གི་དྲིལ་བསྒྲགས་རྒྱ་ཁྱབ་ངང་སྤེལ་བ་བཅས་བྱས་ཏེ། ཚང་མས་དུས་བདེ་རྟོགས་པ་དང་། ཚང་མ་དུས་བདེར་གཞོལ་བ། ཚང་མས་དུས་བདེ་མཉམ་སྐྲུན་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་དགོས་པའི་སྐུལ་ལྕག་གནང་བ་རེད།

རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་དུ་ཧུའུ་ཁྲང་ཧྲེང་གིས་ལས་བྱེད་པའི་ཚོགས་ཆེན་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་འགོ་ཁྲིད་གཙོ་བོ་བསྐོ་གཞག་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་ཁྱབ་བསྒྲགས་གནང་བ་རེད།

ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། བློ་མཐུན་ཧོ་ལུའུ་ཁྲུན་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་གཞོན་པ་བཅས་ལ་བསྐོ་གཞག་བྱ་རྒྱུ་དང་། བློ་མཐུན་ལིའུ་ཅང་གི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ཨུའི་གོ་གནས་ཕྱིར་འཐེན་བྱ་རྒྱུ་ཡིན་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞིབ་འཇུག་བྱས་ནས་གཏན་འབེབས་བྱས་དོན། བློ་མཐུན་ཧོ་ལུའུ་ཁྲུན་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིར་བསྐོ་གཞག་བྱ་རྒྱུ་དང་། བློ་མཐུན་ལིའུ་ཅང་གི་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིའི་གོ་གནས་ཕྱིར་འཐེན་བྱ་རྒྱུ་ཡིན་པ་རེད།

ཧུའུ་ཁྲང་ཧྲེང་གིས་ད་ཐེངས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལེགས་སྒྲིག་བྱས་པ་དེ་ནི་ཀྲུང་དབྱང་གིས་སྤྱི་ཡོངས་ལ་དམིགས་པ་དང་ལས་ཀའི་དགོས་མཁོར་གཞིགས་ཏེ། ཕྱོགས་ཡོངས་ལ་བསམ་གཞིག་དང་ཞིབ་འཇུག་ནན་པོ་བྱས་ནས་གཏན་འབེབས་བྱས་པ་ཞིག་ཡིན་ཞིང་། དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་དམིགས་བསལ་གྱི་ཐུགས་ཁུར་གནང་ལུགས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་ཡོད་ཅེས་གསུངས་པ་རེད།

ཧུའུ་ཁྲང་ཧྲེང་གིས། ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱས་ཏེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྲིད་ཁྲིམས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དངོས་འབྲེལ་སྦྱོང་བ་དང་། དངོས་འབྲེལ་གོ་བ་ལོན་པ། དངོས་འབྲེལ་སྤྱོད་པ་བཅས་བྱེད་པ། ཡིན་མིན་ཆེན་པོའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་དང་། ལངས་ཕྱོགས་བརྟན་པོ། བྱ་སྤྱོད་ཐག་ཆོད་པོ་བཅས་བྱེད་པ། བྱ་སྤྱོད་ངོ་མའི་ཐོག་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་བརྒྱུད་རིམ་ལྡན་པའི་བསམ་གཞིག་མཐའ་འཁྱོངས་བྱེད་པ་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཚན་རིག་དང་མཐུན་པའི་ངང་དུས་བབ་ལ་དབྱེ་ཞིབ་དང་། སྔོན་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དངོས་འཐབ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། “ཏིལ་འབྲུ་ཙམ་གྱིས་འཕྱུགས་པའི”ཉེན་བརྡ་དང“འཕྱུགས་པ་གཏན་ནས་མེད་པའི”གྲ་སྒྲིག་ལ་བརྟེན་ནས་ལས་དོན་ཁག་དེ་བས་ཏན་ཏིག་དང་དེ་བས་ནུས་ལྡན་ཡོང་བར་བྱེད་དགོས། སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་རང་འགུལ་ངང་དུས་བདེ་དང་བརྟན་ལྷིང་གཏོད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་ལ་སྤྱི་ཡོངས་ནས་སྔོན་འགོག་དང་ཚོད་འཛིན་བྱེད་པར་ཤུགས་སྣོན་རྒྱག་པ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་བ། མང་ཚོགས་ཀྱིས་གླེང་མང་བའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཚབས་ཆེན་སྔོན་འགོག་བྱེད་པ་བཅས་བྱས་ནས། བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱེད་དགོས། སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་བར་འགན་སྲུང་མཐའ་གཅིག་ཏུ་བྱས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། མི་དམངས་ལྟེ་བར་འཛིན་པའི་རྩ་བའི་ལངས་ཕྱོགས་སུ་བརྟན་པོར་ལངས་པ། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་དང་གནད་སྨིན་ངང་དོན་འཁྱོལ་བཅས་བྱས་ནས། ཁྲིམས་སྒྱུར་ཁྲིམས་འཛིན་གྱི་དབང་ཆའི་འཁོར་རྒྱུག་ཚད་ལྡན་དུ་གཏོང་དགོས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རང་འགུལ་ངང་ཞབས་འདེགས་ཞུས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་བྱེད་པ། ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་ལ་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ་བཅས་བྱས་ནས། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གཏོད་དགོས། དུས་རབས་གསར་པའི་སྲིད་ཁྲིམས་ཀྱི་དམག་ཧྲག་ལ་མཐའ་གཅིག་ཏུ་ཞུན་བརྡར་སྤྲས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་རྒྱག་པ་དང་། ལྷག་བསམ་རྣམ་དག་གི་ཉེན་རྟོག་བླ་སྲོག་བརྟན་དུ་གཏོང་བ། ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བ།“རུལ་སུངས་མི་བྱེད་པ་གསུམ”ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རང་ཚུགས་ཟིན་པ་དང་། འཇོན་ཐང་ཆེ་བ། རང་ངོས་སྤྱོད་གཙང་བཅས་ཡོང་བར་བྱེད་དགོས། བརྩེ་སེམས་ཟབ་མོས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པར་གཅེས་སྐྱོང་དང་ཐབས་བརྒྱ་ཇུས་སྟོང་གིས་དཀའ་ངལ་དངོས་ཐག་གཅོད་བྱས་ཏེ། ཆབ་སྲིད་ཐད་སྐུལ་ལྕག་དང་། ལས་དོན་ཐད་ལྕག་སྐུལ། ཐོབ་ཐང་ཐད་འགན་སྲུང་། མི་ཆོས་ཐད་སེམས་ཁུར་བཅས་བྱས་ནས་ཚང་མ་བློ་གཅིག་སེམས་གཅིག་ངང་ལས་དོན་ཁག་ནང་ཞུགས་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

(ཚེ་བརྟན་སྒྲོལ་དཀར་དང་དབང་སྒྲོན་སྐྱིད་ཀྱིས་སྒྱུར་ཞུས་བྱས)