《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年10月10日

རིག་གནས་ཡུལ་སྐོར་དར་རྒྱས་བཏང་། འཕེལ་རྒྱས་ཡོང་བར་མཐུན་རྐྱེན་སྦྱར།

—— སྨན་གླིང་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་ལུས་གསོའི་ཁྱད་ལྡན་མིང་བྱང་བཏོད་པ།

འདི་ནི་སྨན་གླིང་གྲོང་ཁྱེར་ཤིང་པད་མ་སེར་པོའི་བོད་ལུགས་གསོ་རིག་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅོ་བརྒྱད་པའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

ཉེ་ཆར། “རི་ཆུས་བརྒྱན་པའི་སྨན་གླིང་། གངས་ལྗོངས་ས་མཐོའི་མུ་ཏིག”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྨན་གླིང་གྲོང་ཁྱེར་ཤིང་པད་མ་སེར་པོའི་བོད་ལུགས་གསོ་རིག་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅོ་བརྒྱད་པ་ཡུལ་ལྗོངས་ལྟ་ན་སྡུག་པའི་རྩྭ་ཀོང་རོང་མཛེས་ལྗོངས་ཁུལ་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། བྱེད་སྒོས་སྨན་གླིང་གི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་དང་གཏིང་ཟབ་པའི་བོད་ལུགས་གསོ་རིག་རིག་གནས་ཀྱི་ནང་དོན་ལ་གཞི་ཚུགས་ཁར། ཤིང་པད་མ་སྨྱན་སྦྱོར་དུ་བྱེད་པ་དང་། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གྱི་རྣམ་པ་གསར་པ་གཏོད་པ། ཡུལ་སྐོར་ལ་བརྟེན་ནས་ལས་རིགས་དར་རྒྱས་གཏོང་བ་བཅས་བྱས་ཏེ་ཡར་ཀླུང་གཙང་པོའི་ངོགས་ཀྱི་གྲོང་རྡལ་ཆུང་ངུའི་སྐྱེ་ཁམས་ཀྱི་མཛེས་སྡུག་དང་། རིག་གནས་ཀྱི་ཉམས་འགྱུར། འཕེལ་རྒྱས་ཀྱི་ཉམས་བཟང་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།

ད་ཐེངས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་ནི་ཀྲུང་གུང་སྨན་གླིང་གྲོང་ཁྱེར་ཨུ་ལྷན་དང་སྨན་གླིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། ཀྲུང་གུང་སྨན་གླིང་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། སྨན་གླིང་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས། སྨན་གླིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། བོད་ལྗོངས་སྨན་གླིང་གྲོང་ཁྱེར་གནས་ཡུལ་རིག་གནས་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་འགན་འཁུར་བ་ཞིག་རེད། བྱེད་སྒོ་སྤེལ་རིང་སྐྱེ་ཁམས་ལྟ་སྐོར་དང་། བོད་སྨན་ལུས་གསོ། རིག་རྩལ་འགྲེམས་འཁྲབ། འཕེལ་རྒྱས་འོས་སྦྱོར་སོགས་ནང་དོན་སྣ་ཚོགས་དང་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་ཀྱི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ལ་ཞབས་ཞུ་དང་འགན་ལེན་གྱི་ཁྱད་ལྡན་གཞི་རྒྱུ་གསར་གཏོད་མཉམ་འདྲེས་བྱེད་པ། སྨན་གླིང་གི་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་པ་དང་ས་ཁོངས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་འཁུར་སེམས་ཕྱོགས་མང་པོ་ནས་མངོན་པ་བཅས་བྱས་ནས། སྨན་གླིང་གི་རིག་གནས་ལུས་གསོའི་ཁྱད་ལྡན་མིང་བྱང་བཏོད་ཡོད།

འགོ་ཚུགས་མཛད་སྒོའི་རིག་རྩལ་མཉམ་འཁྲབ་ནི་བློ་ཞིབ་མོས་བཀོད་སྒྲིག་བྱས་ཤིང་བཀྲག་མདངས་འཚེར་ས་ཤིན་ཏུ་མང་། འཁྲབ་སྟོན་ཧྲིལ་པོ་སྨན་ཡུལ་གྱི་གོམས་སྲོལ་དང་། དུས་རབས་ཀྱི་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་བཅས་ལྟེ་བའི་གཙོ་རྐང་ཆེན་པོ་གསུམ་ལ་དམིགས་པ་དང་འཁྲབ་ཚན་ཧྲིལ་པོ་ལེའུ་ཆེན་པོ་གསུམ་དུ་ཕྱེ་ཡོད།

འཁྲབ་སྟོན་འགོ་ཚུགས་མ་ཐག་སྙན་འཇེབས་ལྡན་པའི་གླུ་གར་གྱིས་ལོ་ངོ་སྟོང་གི་བོད་ལུགས་གསོ་རིག་གི་རིག་རྒྱུན་མཚོན་པ་དང་། སྨན་གླིང་གི་གཅིག་ལ་གཅིག་བརྒྱན་གྱི་རི་ཆུ་དང་ལྟ་ན་སྡུག་པའི་སྦས་ཡུལ་གྱི་མཛེས་ལྗོངས་གསོན་ཉམས་དོད་པོས་མི་རྣམས་ཀྱི་མིག་ལམ་དུ་མངོན་ཞིང་། གངས་ལྗོངས་ཀྱི་གྲོང་རྡལ་ཆུང་ངུའི་རང་བྱུང་གི་ལེགས་ཆ་དང་མི་ཆོས་རིག་གནས་ཀྱི་ནང་དོན་ལེགས་པར་མཚོན་པ་དང་། འཁྲབ་ཚན་གྱི་བར་དུ་དུས་རབས་ཀྱི་འཕེལ་རྒྱས་དང་འཕོ་འགྱུར་ལ་དམིགས་ཏེ། དབྱིངས་ཞུགས་རྣམ་པའི་ཡུལ་རྣམ་འཁྲབ་སྟོན་བརྒྱུད། རྒྱལ་ཁབ་ཀྱི་འདུ་འགོད་གལ་ཆེན་དང་། ནུས་རྒྱུ་གཙང་མའི་ཐོན་ལས་ས་མཐོར་དོན་འཁྱོལ་བྱུང་བ། འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་བའི་བརྗིད་ཆེའི་རྣམ་པ་བཅས་གསོན་ཉམས་དོད་པོས་བསྐྱར་དུ་བསྟན་ནས་སྨན་གླིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་མངོན་པར་བྱས། འཁྲབ་སྟོན་གྱི་མཇུག་ཏུ་བརྗོད་དོན་གཙོ་བོའི་གླུ་གཞས《རི་ཆུས་བརྒྱན་པའི་སྨན་གླིང་། གངས་ལྗོངས་ས་མཐོའི་མུ་ཏིག》ཅེས་པ་སྐད་གསང་མཐོན་པོས་བླངས་པ་དང་ཆབས་ཅིག འཁྲབ་སྟོན་བྱ་ཡུལ་ཡོངས་འཁྲུག་ཆ་དོད་པོར་གྱུར་པ་དང་། སྨན་གླིང་གི་མཛེས་པའི་རང་བྱུང་སྐྱེ་ཁམས་ཁོར་ཡུག་དང་། དེང་རབས་ཅན་གྱི་ཆུ་གློག་གྲོང་གསར་གྱི་རྣམ་པ། ཐུན་མོང་མ་ཡིན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་རིན་ཐང་དང་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་བཅས་དུས་གཅིག་ཏུ་མངོན་པར་བྱས།