འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་8ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། WSEམཆོང་རྒྱུག་འཕེན་གསུམ་གྱི་ཡོངས་བསྒྲགས་འགྲན་བསྡུར་གྱི་ལྷ་སའི་ས་ཚིགས་ཀྱི་འགྲན་བསྡུར་ལྷ་ས་གྲོང་ཁྱེར་མང་ཚོགས་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཁང་དུ་བྱས་པ་རེད།
ད་ཐེངས་ཀྱི་འགྲན་བསྡུར་ལ་སྨི་60དང་། སྨི་100 སྨི་200 སྨི་400 སྨི་800 སྨི་1500 སྨི་4×100ཡི་རྒྱུག་མཐུད་བང་རྩལ་འགྲན་བསྡུར། རྒྱང་མཆོང་། རིམ་གསུམ་རྒྱང་མཆོང་སོགས་ཀྱི་རྣམ་གྲངས་བཀོད་སྒྲིག་བྱས་ཡོད་པ་དང་། མྱུར་ཚད་དང་། སྙུགས་ཤེད། ཚོགས་པའི་མཉམ་ལས་དང་མཆོང་རྒྱུག་འཕེན་གསུམ་གྱི་ནུས་པ་བཅས་ལ་བསམ་གཞིགས་བྱས་ནས། ལོ་ན་མི་འདྲ་བ་དང་ལུས་རྩལ་གྱི་རྨང་གཞི་མི་འདྲ་བའི་འགྲན་ཞུགས་པ་ཚོར་འགྲན་ཞུགས་གདམ་ག་སྣ་མང་མཁོ་འདོན་བྱས་ཡོད།
ལེའོ་ཉིང་ནས་ཡིན་པའི་མཱ་ཝུན་ཧྭ་ད་ལོ་ལོ་67ཡིན་ཞིང་། ཁོང་ནི་ད་ཐེངས་འགྲན་བསྡུར་ཁྲོད་ཀྱི་ལོ་ན་ཆེ་ཤོས་ཀྱི་བདམས་ཐོན་པ་ཡིན་པ་དང་། ཁོ་པས་M65སྐྱེས་པའི་སྨི་60དང་སྨི་100ཡི་རྣམ་གྲངས་གཉིས་ཀྱི་འགྲན་བསྡུར་ལ་ཞུགས་ཡོད། འགྲན་བསྡུར་མཇུག་འགྲིལ་རྗེས། ཁོ་པས་འདི་ནི་ང་ས་མཐོར་འགྲན་བསྡུར་ལ་ཞུགས་ཐེངས་དང་པོ་ཡིན་པ་མ་ཟད། གསེར་གྱི་རྟགས་མ་གཉིས་རག་བྱུང་ཞེས་བཤད།
ལོ་12ལ་སླེབས་པའི་བདམས་ཐོན་པ་ཁྲེན་ཀྲེ་ཤན་U12སྐྱེས་པའི་རྒྱང་མཆོང་རྣམ་གྲངས་ཀྱི་འགྲན་བསྡུར་ལ་ཞུགས་པ་དང་འབྲེལ་ཨང་དང་པོ་བླངས་ཤིང་། ཁོ་པས་གསར་འགོད་པར“ང་མཆོང་རྒྱུག་འཕེན་གསུམ་ལ་ཧ་ཅང་དགའ་པོ་ཡོད། སླད་ཕྱིན་རང་ཉིད་ཀྱིས་དགའ་པོ་བྱེད་པའི་ལུས་རྩལ་ལ་མུ་མཐུད་འབད་བརྩོན་བྱེད་ཀྱི་ཡིན”ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། WSEམཆོང་རྒྱུག་འཕེན་གསུམ་གྱི་ཡོངས་བསྒྲགས་འགྲན་བསྡུར་ནི་མཆོང་རྒྱུག་འཕེན་གསུམ་ལ་དགའ་པོ་བྱེད་མཁན་གྱི་སྤྱི་དམངས་ལ་ཕྱོགས་པའི་འགྲན་བསྡུར་གྱི་གྲས་ཤིག་ཡིན་ཞིང་། དེར་ཡོངས་བསྒྲགས་ངང་འགྲན་བསྡུར་ལ་ཞུགས་པ་དང་། འགྲན་བསྡུར་ཚད་ལྡན་སྤེལ་བ། མི་སྒེར་གྱི་ལུས་རྩལ་བྱང་ཚད་གོང་མཐོར་གཏོང་བ་བཅས་ལ་ནན་བཤད་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། WSEམཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་དེ་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཧང་ཀྲོའུ་སོགས་གྲོང་ཁྱེར་མང་པོར་གཉེར་བ་དང་འབྲེལ། སིང་ཀ་ཕོར་དང་མ་ལེ་ཞི་ཡ་སོགས་ཕྱི་རྒྱལ་གྱི་ས་ཚིགས་ཀྱང་གསར་འཛུགས་བྱས་ཡོད།
(པད་ཆོས་ཀྱིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)