《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年10月10日

ཁོང་ཚོས“འགྲོ་དཀའ་ཤོས་ཀྱི་ལམ་དུམ”སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ།

རྒྱལ་སྟོན་རིང་ཉིང་ཁྲིར་སྟོན་ཉམས་རབ་ཏུ་རྒྱས་པས་ཡུལ་སྐོར་བ་མང་པོ་རླངས་འཁོར་བཏང་ནས་ཉིང་ཁྲིའི་མཛེས་ལྗོངས་ལ་ལྟ་བར་འགྲོ་གི་ཡོད། ཡིན་ནའང“ནམ་ཡང་ལམ་ལ་ཆས་བཞིན་པའི”མི་ཁག་གཅིག་ཡོད། དུས་ཆེན་རིང་རྟག་ཏུ་ལམ་ལ་ཆས་དགོས་པ་ནི་ཁོང་ཚོའི་འཆར་ཅན་གྱི་ལས་འགན་ཞིག་ཏུ་གྱུར་ཡོད།

ཟླ་10ཚེས་4ཉིན་གྱི་ཞོགས་པ་སྤོ་བོ་ནས་མེ་ཏོག་བར་གྱི་གཞུང་ལམ་རྒྱུད་ཀྱི་སྨུག་སྤྲིན་ད་དུང་ཡལ་མེད་པ་དང་། སྤོ་བོའི་བདག་སྐྱོང་དུམ་བུའི་སྒྲིག་བཤེར་ཨུ་ཡོན་ཞན་ཅུན་ཞང་གིས་ལི་མདོག་གི་བདག་སྐྱོང་ལས་གོས་བརྗེས་ནས་སྐོར་ཞིབ་ཉིན་ཐོ་འཁྱེར་ཏེ་ལས་རོགས་ཚོ་དང་མཉམ་དུ་སྤོ་བོ་ནས་མེ་ཏོག་བར་ལ་སྐོར་ཞིབ་བྱེད་པར་བསྐྱོད། གཞུང་ལམ་དེ་ཁུག་ཆ་མང་ལ་གྱེན་གཟར་བ་དང་ལམ་རྒྱུད་དུ་ཟགས་རྡོ་མང་བས་བདག་སྐྱོང་ལས་འགན་དཀའ་ཚེགས་ཆེན་པོ་ཡོད།

ཞན་ཅུན་ཞང་གིས་གསར་འགོད་པར་རྒྱལ་སྟོན་རིང་ལམ་དུམ་དེར་སྒེར་འཁོར་གཏོང་མཁན་ཇེ་མང་དུ་སོང་ཡོད། ཟླ་10ཚེས་1ནས་4ཉིན་བར་ཁོ་ནར་སྤོ་བོ་ནས་མེ་ཏོག་ཕྱོགས་སུ་སྐྱོད་པའི་རླངས་འཁོར་ཐེངས་གྲངས་5966ཟིན་ཡོད་ཅེས་བཤད།

“དུས་ཆེན་དང་གུང་གསེང་རིང་ལ་དེ་བས་ལས་བྲེལ་ཆེན་པོ་ཡོད”ཅེས་ཞན་ཅུན་ཞང་གིས་བཤད། “ཆ་འཛུལ་ཡ་ཐོན”གྱི་འགྲོ་སྐྱོད་གཏན་འབེབས་གཞིར་བཟུང་། འཁོར་རྒྱུན་མང་ཤོས་ཀྱི་དུས་ཚོད་དེ་ཟླ་10ཚེས་2དང་ཚེས་4ཉིན་གྱི་སྔ་དྲོའི་ཆུ་ཚོད་8པ་ནས་12བར་དང་ཆུ་ཚོད་14ནས་18བར་རེད། བདག་སྐྱོང་དུམ་བུར་ཉིན་མཚན་དབྱེར་མེད་ཀྱི་ལས་རེས་སྣེ་ཁྲིད་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། ལས་ཁུལ་དང་ཤར་གཏོང་འགན་ལེན་ས་ཚིགས་ཁག་ཏུ་དུས་དང་རྣམ་པ་ཀུན་ཏུ་ལས་གནས་ཐོག་བཀའ་སྒུག་པ་དང་། གཙོ་གནད་ལམ་དུམ་དུ་སྐོར་ཞིབ་ནན་ཏན་བྱས་ཏེ་ཉེན་སེལ་འཕྲུལ་ཆས་དང་སྒྲིག་ཆས་སྔོན་ནས་བཀོད་སྒྲིག་བྱས་ཏེ་ཐོལ་བྱུང་གནས་ཚུལ་ཐག་གཅོད་བྱ་རྒྱུའི་གྲ་སྒྲིག་ཨང་གསར་བྱེད་ཀྱི་ཡོད།

བག་ཆགས་ཟབ་ཤོས་ཀྱི་འཕྲལ་སྡོམ་ཐག་གཅོད་སྐོར་གླེང་སྐབས། ཞན་ཅུན་ཞང་གིས་འདི་ལོའི་རྒྱལ་སྟོན་གྱི་སྔ་ནུབ་ཏུ་སྒེར་འཁོར་གཏོང་མཁན་ཞིག་གིས་ཉེན་རྟོག་པར་རོགས་སྐྱོབ་རེ་འདུན་ཞུ་བའི་གནས་ཚུལ་ཕྱིར་དྲན་བྱས། སྐབས་དེར་ལམ་ངོས་སུ་ཆུ་འཁྱིལ་ནས་འདྲེད་བརྡར་ཤོར་སླ་པོ་ཡོད། ཁ་ལོ་བས་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་འཁོར་ལོ་ཞིག་ལམ་འགྲམ་གྱི་ཡུར་བུའི་ནང་ཤོར་ཏེ་དོན་མ་ཐུབ་པར་ལུས། ཅི་བྱ་གཏོལ་མེད་དུ་གྱུར་པའི་གནས་ཚུལ་འོག་ཁ་ལོ་བས་འཁོར་རྡོ་བཅུག་ནས་སྐྱོད་ཐབས་བྱས་ཀྱང་། རླངས་འཁོར་དོན་མ་ཐུབ་པའི་ཁར། དེ་ལས་ལྡོག་སྟེ་གཡང་གཟར་ཕྱོགས་སུ་འདྲེད་བརྡར་ཤོར་ནས་ཉེན་ཁ་སྔར་བས་ཆེ་རུ་ཕྱིན་ཡོད།

ཉེན་ཁའི་གནས་ཚུལ་ཐོན་རྗེས་བདག་སྐྱོང་བཟོ་པ་འཕྲལ་མར་འབྱོར་བ་དང་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་རོགས་སྐྱོབ་བྱས་པ་བརྒྱུད་རླངས་འཁོར་བདེ་འཇགས་ངང་ཐོན་་ཐུབ་ཡོད།

“ཡུལ་སྐོར་བ་མང་པོ་ཞིག་གིས་ཡུལ་ལྗོངས་ལ་རོལ་བར་དབྱིངས་ཞུགས་ཏེ་ལམ་བར་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་སྣང་ཆུང་ཤོར་གྱི་ཡོད། ང་ཚོས་སྲུང་བ་ནི་ལམ་བུ་ཙམ་མིན་པར་མི་ཚང་མའི་བདེ་འཇགས་རེད། མ་གཞི་ལས་ཀ་དཀའ་ལས་ཁག་པོ་ཡོད་མོད། འོན་ཀྱང་རླངས་འཁོར་ཚང་མ་བདེ་འཇགས་དང་བདེ་བླག་ཤར་གཏོང་ཐུབ་པ་དང་ཡུལ་སྐོར་བས་ལག་པ་གཡུག་གཡུག་བྱས་ནས་ཐུགས་རྗེ་ཆེ་ཞུ་སྐབས་དཀའ་ལས་བརྒྱབ་པ་ཚང་མར་དོན་སྙིང་ཆེན་པོ་འདུག”ཅེས་ཞན་ཅུན་ཞང་གིས་བཤད།

དེ་དང་ཆབས་ཅིག ས་བབ་སྨི་4700ལྷག་ཙམ་ཡོད་པའི་གསེར་སྐྱེམས་ལའི་ལམ་དུམ་དུ་རི་ལམ་གུག་ཆ་མང་ལ་གཡང་གཟར་བའི་ཁར་ལམ་ཕལ་ཆེར་གྱི་གཞོགས་གཅིག་ལ་གཙང་པོ་དང་གཞོགས་གཞན་ཞིག་ནི་གཡང་གཟར་གྲོག་རོང་རེད། འདི་ལོ་ཉིན་མོ་ཆར་པ་མང་པོ་འབབ་པ་དང་ཕྱི་དྲོ་སེར་བ་ཡང་སེ་གཏོང་བ། གངས་མ་ཆར་འབབ་པ་སོགས་ཀྱི་གནམ་གཤིས་ངན་པ་བསྟན་པས། འགྲོ་ལམ་བདག་སྐྱོང་དང་ཤར་བགྲོད་བདེ་འཇགས་ལ་ཚོད་བགམ་ཆེན་པོ་འཕྲད་ཡོད། བྲག་ཡིབ་བདག་སྐྱོང་དུམ་བུའི་གསེར་སྐྱེམས་ལ་འགྲོ་ལམ་ཤར་གཏོང་འགན་ལེན་རུ་ཁག་གི་རུ་དཔོན་བཀྲ་ཤིས་ཕུན་ཚོགས་ལས་ཀར་ཞུགས་ནས་ལོ་14སོང་བ་དང་གསེར་སྐྱེམས་ལའི་འགྲོ་ལམ་ཤར་གཏོང་འགན་ལེན་རུ་ཁག་ཏུ་ལས་ཀ་བྱས་ནས་ལོ་4འགྲོ་གི་ཡོད། ད་ཐེངས་ནི་ཁོང་རྒྱལ་སྟོན་རིང་ལས་རེས་བྱེད་ཐེངས་10པ་དེ་རེད།

རྒྱལ་སྟོན་གྱི་གུང་གསེང་རིང་ཁོང་གིས་ཉིན་མོའི་ལས་རེས་དང་མཚན་མོའི་ལས་རེས་ཚོགས་ཆུང་གཉིས་འཁྲིད་དེ་རེས་མོས་ངང་ལམ་དུ་སྐྱོད་པ་དང་། གནམ་གཤིས་ཡག་པོ་བསྟན་སྐབས་ཉིན་མོར་སྐོར་ཞིབ་ཐེངས་4བྱེད་པ་དང་། གངས་ཆར་འབབ་སྐབས་སྐོར་ཞིབ་ཐེངས་མང་བྱེད་དགོས་པ་མ་ཟད། ལམ་རྡོ་དུས་ཐོག་ཏུ་གཙང་སེལ་བྱེད་པ་དང་། སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་དང་མཉམ་སྒྲུབ་མཉམ་འགུལ་གྱིས་འགྲོ་ལམ་གྱི་གནས་ཚུལ་མཉམ་སྤྱོད་བྱེད་ཀྱི་ཡོད།

བཀྲ་ཤིས་ཕུན་ཚོགས་ཀྱིས“གསེར་སྐྱེམས་ལའི་འགྲོ་ལམ་གུག་ཆ་ཆེ་ལ་གཡང་གཟར་བ་དང་། གུང་གསེང་རིང་རླངས་འཁོར་མང་བས་གུག་ཆར་ལམ་འགག་སླ་བ་དང་ལས་འཛོལ་ཐོན་སླ་བས་དེ་ནི་ངའི་སེམས་ཁྲལ་ཆེ་ཤོས་བྱེད་ས་དེ་ཡིན”ཞེས་བཤད། ཆར་རླུང་ཁྲོད་ཁོང་དང་རུ་མི་ཚོས་ཐོག་མཐའ་བར་གསུམ་དུ་ལས་གནས་བརྟན་སྲུང་བྱས་ནས་ཕྱིར་བཤོལ་བྱེད་མཁན་གཅིག་ཀྱང་བྱུང་མེད།

ལོ་14ཡི་རིང་། གཞུང་ལམ་བདག་སྐྱོང་བྱས་པའི་མྱོང་ཚོར་ཟབ་ཤོས་སྐོར་གླེང་སྐབས། ཁོང་གིས་འཛུམ་དམུལ་དམུལ་ངང“ལམ་ཤར་གཏོང་ཐུབ་ནས་རླངས་འཁོར་བདེ་བགྲོད་ཐུབ་པ་མཐོང་སྐབས་ང་ཚོ་བློ་བདེ་པོ་འདུག”ཅེས་བཤད།

རྒྱལ་སྟོན་གུང་གསེང་རིང་ཉིང་ཁྲི་གཞུང་ལམ་བྱ་གཞག་འཕེལ་རྒྱས་ལྟེ་གནས་དང་དེ་བཞིན་ཁོངས་གཏོགས་བདག་སྐྱོང་དུམ་བུའི་ལས་བྱེད་ལས་བཟོས་གཞུང་ལམ་གྱི་འཐབ་ས་དང་པོར་ལས་གནས་བརྟན་སྲུང་བྱས་ཤིང་། གུང་གསེང་རིང་ཆར་པ་འབབ་པ་དང་། གནམ་གཤིས་གྲང་དུ་འགྲོ་བ། ས་བབ་མཐོ་སར་གངས་མ་ཆར་འབབ་པ། ས་གཤིས་ཀྱི་གནོད་འཚེའི་ཉེན་ཁ་བཅས་ལ་ཁ་གཏད་གཅོག་ཆེད། ཁོང་ཚོས་རྒྱལ་ལམ་དང་ཞིང་ཆེན་ལམ་དུ་སྐོར་ཞིབ་དང་། ཉེན་སེལ། འཕྲལ་སྡོམ་ཐག་གཅོད། ཞབས་ཞུ་འགན་ལེན་སོགས་ཀྱི་གཙོ་གནད་ལས་དོན་ལ་དམ་འཛིན་བྱས་ཏེ་ཁ་ལོ་བ་དང་ཡུལ་སྐོར་བ་ཚོར་སྙིང་ཉེ་བའི་ཞབས་འདེགས་ཞུས་ཡོད་པ་རེད།

རྒྱལ་སྟོན་རིང་སྤོ་བོ་ནས་མེ་ཏོག་བར་དང་གསེར་སྐྱེམས་ལ་ནས་རྒྱལ་ལམ་དང་ཞིང་ཆེན་ལམ་བར་ཉིང་ཁྲིའི་གཞུང་ལམ་བདག་སྐྱོང་བས་རྒྱལ་སྟོན་རིང་ལས་གནས་བརྟན་སྲུང་བྱས་ནས་ལམ་ཚང་མ་དང་ལམ་དུ་སྐྱོད་མཁན་ཚང་མར་སྲུང་སྐྱོང་ཡག་པོ་བྱས་ཡོད།

(པ་ཕན་གྱིས་བསྒྱུར། ལྷག་ཚེ་དང་པ་ཕན་གྱིས་ཞུས)