《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年10月10日

ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གི་བེད་མེད་རྩྭ་ཐང“ནོར་གཞོང”ལ་གྱུར་པ།

རི་བོ་ཆེ་རྫོང་སྤྱང་ངེ་གྲོང་ཚོའི་ཁམས་པའི་མེ་ཏོག་ཟ་ལས་རྟེན་གཞི་གྲོང་ཚོའི་ཉེ་འདབས་ཀྱི་གཤོངས་ས་ཞིག་ཏུ་གནས་ཤིང་། དེ་ནས་ཚང་ཚིང་གི་ནགས་ཚལ་དང་སྲིད་པའི་གངས་རིའི་མཛེས་པ་ཉམས་སུ་མྱོང་ཆོག་ལ། ཐུར་དུ་བལྟས་ན་དྭངས་ཤིང་གཙང་ལ་ཤང་ཤང་དུ་རྒྱུག་པའི་ཆུ་བོ་དང་ལྷོག་ལྷོག་ཏུ་འཕྱུར་བའི་དུ་བ་མཐོང་ཐུབ།

“དེ་སྔ་ས་ཆ་འདི་ནི་བེད་མེད་ཀྱི་རྩྭ་ཐང་ཡིན་པ་དང་། ལོ་གཅིག་ལ་རྩྭ་ཐེངས་གཅིག་བརྔ་བ་ལས་འབབ་འཕར་གྱི་རིན་ཐང་གང་ཡང་མེད། ད་ཆ་སྔོན་མ་དང་གཏན་ནས་འདྲ་གི་མེད། འདི་གར་རྟེན་གཞི་བསྐྲུན་རྗེས་ལོ་ལྟར་གྲོང་ཚོར་ཁེ་སྤོགས་སྒོར་ཁྲི་20བགོ་འགྲེམས་རྒྱག་རྒྱུ་ཡོད་པ་མ་ཟད། ད་དུང་མང་ཚོགས་རྣམས་རང་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པས། སྔོན་ཆད་ཀྱི་བེད་མེད་རྩྭ་ཐང་ད་ཆ་རིན་ཐང་ལྡན་པའི་ནོར་གཞོང་ལྟ་བུར་གྱུར་ཡོད”ཅེས་སྤྱང་ངེ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་དཔག་ལྷག་རྒྱལ་གྱིས་འཛུམ་དམུལ་དམུལ་ངང་གསར་འགོད་པར་བརྗོད།

དེ་སྔ་སྤྱང་ངེ་གྲོང་ཚོ་འདི་ཡང་ས་མཐོའི་གྲོང་ཚོ་ཕལ་ཆེ་བ་དང་འདྲ་བར་ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས་དང་གཏིང་ཟབ་པའི་མི་ཆོས་རིག་གནས་ཀྱི་ནང་དོན་ལྡན་པའི་སྦས་ལུང་ལྟ་བུ་ཞིག་རེད། འདི་གའི་ཡུལ་མི་མང་ཆེ་བས་དབྱར་རྩྭ་དགུན་འབུ་འཐུ་བའམ་ཡང་ན་ཕྱིར་གླ་པར་བསྐྱོད་ནས་འཚོ་བ་འཕྱིད་ཐབས་བྱེད་ཅིང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་འཕེལ་ཁ་ཞན་ལ་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་མེད། དེས་ན་རི་བོ་ཆེ་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་སྤྱི་ཡོངས་ལ་གཞི་ཚུགས་ཏེ“སྐྱེ་ཁམས་སྔོན་ལ་འཇོག་པ་དང་།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

ཡུལ་བབ་དང་བསྟུན་པ། རིག་གནས་ཡུལ་སྐོར་གྱིས་མཐུན་རྐྱེན་སྦྱོར་བ། དམངས་ཕན་མཉམ་སྤྱོད”བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་རྒྱུ་དེ་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་གསར་སྤེལ་དང་སྡེབ་གཅིག་ཏུ་འཆར་འགོད་དང་སྐུལ་འདེད་བཏང་ཐོག སྤྱང་ངེ་གྲོང་ཚོ་ཚོད་ལྟ་བྱ་ཡུལ་དུ་བྱས་ནས་སྔོན་ཆད་ཀྱི་མི་མེད་ཐང་སྟོང་དེ་ཉིད་གྲོང་གསེབ་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་དམིགས་སར་ཞིབ་ཚགས་ངང་བསྐྲུན་ཡོད་པ་རེད།

ཟ་ལས་རྟེན་གཞིའི་རྣམ་གྲངས་འཛུགས་སྐྲུན་གོ་སྐབས་སུ་བྱས་ཏེ། སྤྱང་ངེ་གྲོང་ཚོས་དམངས་འཚོའི་བྱ་བ་དངོས་ཁག་ལ་སྤྱི་འདོམས་དམ་འཛིན་བྱས་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ཞིང་། གྲོང་ཚོའི་དམངས་ཕན་ཟམ་པ་སྔ་རྗེས་སུ་ཉམས་གསོ་བྱས་པ་དང་། གྲོང་ཚོའི་འགྲོ་ལམ་ལ་ཨར་འདམ་བཏིངས་ནས་སྤུས་ཚད་མཐོ་རུ་བཏང་བ། བདེ་འཇགས་འཐུང་ཆུའི་མདོང་དྲ་སྒྱུར་བཀོད་བྱས་པ་མ་ཟད། ད་དུང་གྲོང་ཚོ་ཡོངས་ཀྱི་ཁང་པའི་རྫ་གཡམ་ཚང་མ་གཅིག་གྱུར་ཐོག་བརྗེས་པས། མིའི་འཚོ་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད་པ་རེད།

2023ལོའི་ཟླ་9པར་རྒྱ་ཁྱོན་སྨི་ངོས་གྲུ་2000ཟིན་པའི་སྤྱང་ངེ་གྲོང་ཚོའི་ཁམས་པའི་མེ་ཏོག་ཟ་ལས་རྟེན་གཞི་སྐྲུན་འགོ་ཚུགས་པ་དང་། 2024ལོར་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། གྲོང་ཚོ་ཡོངས་ཀྱི་དུད་ཚང་53གྱི་མང་ཚོགས་མ་རྐང་ནང་ཞུགས་ཡོད། སྤྱང་ངེ་གྲོང་ཚོའི་ཏང་ཀྲི་པུས“གྲོས་བསྡུར་བཞི་དང་ཡོངས་བསྒྲགས་གཉིས”ཀྱི་གྲོས་ཆོད་ནང“4411”གི་བསྡུར་ཚད་གཞིར་བཟུང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་བགོ་འགྲེམས་རྒྱག་རྒྱུའི་གཏན་འཁེལ་བྱས་ཡོད་པ་རེད།

ཡུལ་མི་ཚོའི་དངུལ་ཁུག་ལྗིད་ཏིག་ཏིག་ཆགས་ཏེ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་ཞིང་། བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་སེམས་ཤུགས་ཆེས་ཆེར་འཕེལ་ཡོད། 2025ལོར་སྤྱང་ངེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་30ལྷག་ཙམ་ཟིན་པ་དང་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.35ཟིན་ཏེ་དུས་མཚུངས་ལས་10%འཕར་ཡོད་པ་རེད།

སྤྱང་ངེ་གྲོང་ཚོའི་འཕོ་འགྱུར་ནི་རི་བོ་ཆེ་རྫོང་གིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་ལག་ལེན་བསྟར་བའི་མཚོན་ཚུལ་ངོ་མ་ཞིག་རེད་ལ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱིས་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱོར་བ་དང་མང་ཚོགས་ཐུན་མོང་ཐོག་ཕྱུག་པོ་ཆགས་པར་སྐུལ་ཁྲིད་བྱེད་པའི་ལག་ལེན་དངོས་ཤིག་དེ་བས་རེད།

ཉེ་བའི་ལོ་ཤས་རིང་། རི་བོ་ཆེ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས“ཚོན་ལྡན་རི་བོ་ཆེ། གཙང་གསུམ་མེ་ཏོག་གྲོང”གི་རིག་གནས་ཡུལ་སྐོར་སྤུས་རྟགས་སྣེ་ཁྲིད་དུ་བྱས་ཏེ“ཤང་རེ་ལ་སྤུས་རྟགས་རེ་དང་གྲོང་ཚོ་རེ་ལ་མཛེས་ལྗོངས་རེ”མཐའ་འཁྱོངས་ཀྱིས་ཡུལ་སྐོར་དང་ཞིང་འབྲོག་ཟུང་འབྲེལ་དང་། ཡུལ་སྐོར་དང་ལུས་གསོ་ཟུང་འབྲེལ། ཡུལ་སྐོར་དང་དམངས་སྲོལ་གནས་ཚང་ཟུང་འབྲེལ། ཡུལ་སྐོར་དང་རིག་གནས་བསམ་བཀོད་ཟུང་འབྲེལ་བཅས་ཀྱི་སྣ་མང་ལས་རྣམ་བཏོད་དེ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་། རིག་གནས་ཀྱིས་མཐུན་རྐྱེན་སྦྱོར་བ། དམངས་ཡོངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་ཀྱི་ས་མཐོའི་གྲོང་གསེབ་དར་རྒྱས་ཀྱི་ཁྱད་ལྡན་ལམ་བུར་བསྐྱོད་ཡོད་པ་རེད།

དེ་དང་ཆབས་ཅིག རྫོང་ཡོངས་ཀྱིས་མཛེས་ལྗོངས་ཁུལ་འཛུགས་སྐྲུན་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན། དམངས་སྲོལ་གནས་ཚང་འཕེལ་རྒྱས། ལས་རྣམ་སྐྱེད་སྲིང་། དྲིལ་བསྒྲགས་ཚོང་སྐུལ། གྲོང་གསེབ་བཅོས་སྐྱོང་བཅས་ལ་གཞི་གཅིག་ཅན་གྱི་སྐུལ་འདེད་གཏོང་རྒྱུར་སྤྱི་འདོམས་བྱས་ཏེ། “1314ཡི་དྲ་གྲགས་ཡུལ་སྐོར་བྱ་ཡུལ”སོགས་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་ས་ཚིགས་བཏོད་པ་དང་། ཤང་དང་གྲོང་རྡལ་དང་གྲོང་ཚོའི་ཡུལ་སྐོར་ལམ་ཐིག་དང་འབྲེལ་མཐུད་བྱས་ནས་འབྲི་གཡག་གསོ་ཚགས་དང་། ལག་ཤེས་བཟོ་རྩལ་བཟོ་སྐྲུན། བཟའ་བཏུང་ཞག་སྡོད། འགྲིམ་འགྲུལ་ཞབས་ཞུ་སོགས་ཐོན་ལས་སྔ་མ་དང་ཕྱི་མ་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཡོད། མང་ཚོགས་རྣམས་དམངས་སྲོལ་གནས་ཚང་གཉེར་སྐྱོང་དང་། ཡུལ་སྐོར་ལས་སྒྲུབ། ཐོན་རྫས་ཕྱིར་ཚོང་། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་འཁྲབ། བཟའ་བཏུང་ཞབས་ཞུ་སོགས་ཀྱི་བྱ་ཐབས་བརྒྱུད་ཐག་ཉེ་སར་ལས་ཞུགས་ཐུབ་པར་བྱས་ནས་གཞོན་ནུ་དང་དར་མའི་ངལ་རྩོལ་ནུས་ཤུགས་ཕྱིར་སྐྱོད་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད། གྲོང་གསེབ་ཀྱིས་མཉམ་སྡེབ་རྒྱུ་ནོར་གཉེར་སྐྱོང་དང་། རྣམ་གྲངས་མ་རྐང་ནང་ཞུགས་པ། ཐོན་ཁུངས་ཕན་སྒྱུར་སོགས་ཀྱི་བྱ་ཐབས་བརྒྱུད་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་། ཡུལ་མིའི་ཁེ་སྤོགས་བགོ་བཤའ་དང་། སྤྱི་ཕན་རོགས་སྐྱོར། རྨང་གཞིའི་སྒྲིག་བཀོད་ཀྱི་སྤུས་ཚད་མཐོར་གཏོང་སོགས་དམངས་འཚོའི་བྱ་བ་དངོས་རྒྱུན་རྣམ་ཅན་གྱི་སྒོ་ནས་དོན་འཁྱོལ་བྱས་ཏེ། ས་རྒོད་མཛེས་ལྗོངས་ཁུལ་དུ་འགྱུར་བ་དང་། མཛེས་ལྗོངས་ཁུལ་གྱིས་ཐོན་ལས་ལ་སྐུལ་ཁྲིད། ཐོན་ལས་ལ་བརྟེན་ནས་འབབ་འཕར་ལ་སྐུལ་འདེད། མཉམ་སྡེབ་ལས་དམངས་འཚོར་ཕན་འདོགས་པ་བཅས་དངོས་འབྲེལ་ཐུབ་པར་བྱས་ཡོད་པ་རེད།

རི་བོ་ཆེ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་བཀྲ་ཤིས་དབང་མོས། རིག་གནས་ཡུལ་སྐོར་གྱིས་མཐུན་རྐྱེན་ཟབ་མོ་སྦྱར་བ་བརྒྱུད། རྫོང་ཡོངས་ཀྱི་གྲོང་གསེབ་འཕེལ་རྒྱས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ནས། ཐོན་ལས་དར་རྒྱས་ཆེ་བ་དང་། སྐྱེ་ཁམས་འཚོ་སྡོད་རུང་བ། ཡུལ་སྲོལ་ཡ་རབས་ལྡན་པ། བཅོས་སྐྱོང་ནུས་པ་ཆེ་བ། འཚོ་བ་འབྱོར་ཕྱུག་ལྡན་པ་བཅས་ཀྱི་གྲུབ་འབྲས་མངོན་གསལ་དོད་དུ་ཕྱིན་ཡོད། “ཚོན་ལྡན་རི་བོ་ཆེ། གཙང་གསུམ་མེ་ཏོག་གྲོང”གི་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་ཆེ་རུ་ཕྱིན་པ་དང་གྲོང་གསེབ་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་དང་སྙན་གྲགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། བོད་ཤར་ས་ཁུལ་གྱི་ཡུལ་སྐོར་དམིགས་ས་ཞིག་ཏུ་གྱུར་ཏེ། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ཅེས་གསར་འགོད་པར་བརྗོད།

(པ་ཚེ་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)