《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年09月18日

ཤིང་འབྲས་དྲི་ཞིམ་གང་སར་འཐུལ། ལས་དར་ལམ་བུ་སྔར་བས་ཡངས།

—— ལྷ་ས་གྲོང་ཁྱེར་གྱིས་ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ།

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ས་མཐོའི་ཐུན་མོང་མ་ཡིན་པའི་རང་བྱུང་ཆ་རྐྱེན་ལ་གཞི་ཚུགས་ནས་ཤིང་འབྲས་དང་སྔོ་ཚལ་འཐུ་བའི་དཔལ་འབྱོར་འཇུག་གཞིར་བྱས་ཏེ། ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད། རྫོང(ཆུས)ཁག་གི་ཁྱད་ལྡན་ཐོན་ལས་གླིང་འཁོར་འབྲེལ་ཆགས་ནས་འདེབས་འཛུགས་དང་། ལྟ་སྐོར། སྤྲོ་གསེང་། ལས་སྣོན་བཅས་ལས་རྣམ་སྣ་མང་གཞི་གཅིག་ཏུ་འདུས་ནས་ས་མཐོའི་ཤིང་འབྲས་དང་སྔོ་ཚལ་གྱི་ཟུར་སྣོན་རིན་ཐང་མཐོ་རུ་ཕྱིན་པ་མ་ཟད། ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་ཡང་ཡངས་སུ་ཕྱིན་ཡོད།

ཐོན་ལས་འཁོར་འབྲེལ་དམངས་ལ་འབབ་འཕར་བཏོད།

ལྷ་ས་གྲོང་ཁུལ་ནས་རླངས་འཁོར་ལ་བསྡད་དེ་སྐར་མ་20ལྷག་ཙམ་སོང་ན་ཆུ་ཤུར་རྫོང་ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དུ་འབྱོར་ཞིང་། དེ་གར་ཆུ་སྣ་འཛོམས་པ་དང་ས་རྒྱུ་གཤིན་པས། དྲོད་ཁང་ཆེན་པོ་སྟར་ཆགས་སུ་བསྐྲུན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་ཤུར་རྫོང་ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གྱི་སྤྱིའི་འཆར་འགོད་རྒྱ་ཁྱོན་ལ་མུའུ་ཁྲི་2དང་། ལྟེ་བའི་ཁུལ་གྱི་རྒྱ་ཁྱོན་ལ་མུའུ་2067 ཁྱོན་མ་དངུལ་སྒོར་དུང་ཕྱུར་6བཅས་ཟིན་པ་དེ་ནི་དེང་རབས་ཞིང་ལས་དཔེ་སྟོན་དང་། ཚན་རྩལ་ཞིབ་སྤེལ། སྐྱེ་ཁམས་ཡུལ་སྐོར། ཐོན་ལས་མཉམ་འདྲེས་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ས་མཐོའི་ཁྱད་ལྡན་ཞིང་ལས་གླིང་ཞིག་རེད། 2025ལོར། གླིང་ཁུལ་གྱིས་ཐོན་སྐྱེད་བྱས་པའི་ཐོན་རྫས་རིན་ཐང་སྒོར་ཁྲི་5176.93ཟིན་པ་དང་ཡུལ་སྐོར་བ་མི་ཐེངས་ཁྲི་18.22ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་ཡོང་འབབ་སྒོར་ཁྲི་800རག་པ་རེད།

མཉམ་སྤྱོད་ཚལ་ཞིང་ཕྱུག་འགྱུར་ལམ་བུར་གྱུར།

སྟོན་ཁར། ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་གྲོང་རྡལ་འདམ་བཅད་གྲོང་ཚོར་སྐྱོད་སྐབས། སྐྱེ་སྟོབས་ཀྱི་དཔལ་འབར་བའི་མཉམ་སྤྱོད་ཚལ་ཞིང་དུ་གྲོང་མི་དང་ཡུལ་སྐོར་བས་ཁེངས་ཤིང་། དྲོད་ཁང་ཆེན་པོར་ཀྭ་རིགས་དང་སྔོ་ཚལ་སྐྱེ་འཚར་ཧ་ཅང་བཟང་པོ་ཡོད་པ་དང་། ཤིང་འབྲས་འཐུ་བ་དང་། ཞིབ་འཇུག་སློབ་སྦྱོང་། སོ་ནམ་ཉམས་ལེན་བཅས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། གྲོང་རྡལ་སྲིད་གཞུང་གིས་སྣེ་ཁྲིད་པ་དང་འདམ་བཅད་གྲོང་ཚོས་བོད་ལྗོངས་ཤིན་རུའེ་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་མཉམ་དུ་བསྐྲུན་པའི་མཉམ་སྤྱོད་ཚལ་ཞིང་དེས་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་ཀྱི་རྣམ་པ་གསར་པར་བརྟེན་ནས་བེད་མེད་ས་ཆར་དམངས་ཕྱུག་གི་ཕན་འབྲས་གསར་པ་ཐོན་པར་བྱེད་བཞིན་ཡོད།

“རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་75བཏང་བ་དང་ད་ལོའི་ཟླ་6པར་ལས་མཇུག་འགྲིལ་ནས་ཟླ་8པར་དངོས་སུ་སྤྱོད་འགོ་ཚུགས་ཡོད” དཔལ་འབྱོར་གླིང་གྲོང་རྡལ་འདམ་བཅད་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཀའོ་དབྱང་དབྱང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མཉམ་སྤྱོད་ཚལ་ཞིང་ལ་མུའུ་400ལྷག་ཙམ་ཟིན་པ་དང་གཞི་ཁྱོན་ད་དུང་རྒྱ་སྐྱེད་རྒྱུན་མཐུད་གཏོང་བཞིན་ཡོད། གླིང་ཁུལ་དེ་སྤྱི་ཚོགས་ཡོངས་ལ་སྒོ་ཕྱེ་ནས་གྲོང་མིས་སྔོ་ཚལ་འཐུ་བ་དང་། ཕ་མ་བུ་ཕྲུག་གིས་ཞིབ་སྦྱོང་བྱེད་པ། སོ་ནམ་ཉམས་ལེན་སོགས་རྣམ་གྲངས་སྣ་མང་བཏོན་ཡོད། མིག་སྔར་དྲོད་ཁང་ནང་པད་ཚལ་དང་། སོ་ལོ་སྔོན་པོ། ཨོ་སུན། ཤིས་ཀྭ། ཀྲོ་མ་ཀྲུ་སོགས་དུས་སྨིན་སྔོ་ཚལ་དང་ཤིང་འབྲས་སྣ་ཁ་བཅུ་ལྷག་ཙམ་བཏབ་ཡོད། སླད་ཕྱིན་ད་དུང་སྣ་ཁ་མང་དུ་རྒྱུན་མཐུད་གཏོང་རྒྱུ་མ་ཟད། ཉ་འཛིན་པ་དང་། གླིང་ཁ་གཏོང་བ། ཁྱད་ལྡན་བཟའ་བཏུང་སོགས་ཀྱི་སྤྲོ་གསེང་ལས་རྣམ་ཡང་བཏོད་དེ་ཡུལ་སྐོར་བའི་དགོས་མཁོ་གཅིག་འཐུས་ངང་བསྐང་རྒྱུ་ཡིན་པ་རེད།

བེད་མེད་ཐང་རྒོད་ཤིང་འབྲས་ར་བར་གྱུར།

ཉིན་ཤས་གོང་། སྙེ་མོ་རྫོང་ཐོན་མི་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་མི་ཚོགས་ཀྱིས་ཁེངས་པ་དང་། 2026ལོའི“སྙེ་མོའི་སེའུ་དམར་ཆེན”ར་བའི་སྒོ་འབྱེད་མྱོང་དཔྱད་འདུ་ཚོགས་ཚ་ཚ་འུར་འུར་ངང་གཉེར་བཞིན་ཡོད་ཅིང་། དེ་ནི་རོ་བཅུད་ཀྱི་གསོལ་སྟོན་གཟབ་རྒྱས་ཤིག་ཡིན་པ་མ་ཟད། པེ་ཅིང་ཧྲུན་དབྱིའི་བོད་སྐྱོར་གྱིས་ལོ་བཅུ་ལྷག་ཙམ་རིང་འབད་འཐབ་བྱས་ནས་སྨིན་པའི་འབྲས་བཟང་ཞིག་ཀྱང་རེད།

ས་བབ་སྨི་4150ཟིན་པའི་སྙེ་མོ་ནས་ཐོན་པའི་སེའུ་དམར་ཆེན་ནི་ལོར་ཆུ་ཚོད་3000ལྷག་ཙམ་གྱི་ཉི་འོད་དང་15°Cཡོད་པའི་ཉིན་མཚན་གྱི་དྲོད་ཁྱད་ལ་བརྟེན་ནས་འཚོ་བཅུད་བསགས་པ་མ་ཟད། སྐྱེ་ལྡན་གྱི་ཁས་ལེན་དཔང་འདོན་བརྒྱུད་ཞིང་ལས་ཀྱི་སྙིགས་རོ་མེད་ལ་རུལ་འགོག་སྨན་མེད་པས། སྐྱེ་ཁམས་གཙང་མར་བརྟེན་ནས་གངས་ལྗོངས་ས་མཐོའི་རང་བྱུང་གི་བྲོ་བ་སོར་ཉར་བྱས་པའི་ཤིང་འབྲས་ཤིག་རེད།

ཡི་གར་འོང་བའི་འབྲས་བཟང་དེ་ལས་དམངས་འཚོའི་དྲོ་སྐྱིད་རྣལ་མ་མངོན་ཞིང་། གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་གླིང་ཁུལ་ནས་འཇིག་རྟེན་འཕུར་སྐྱོད་ཀྱི་སྔོ་ཚལ་དང་འབྲི་ཏ་ས་འཛིན་ཏུན་294.8ཐོན་པ་དང་སེའུ་དམར་རྒྱ་མ་ཁྲི་1.35ཟིན་ཡོད། ཐོན་ལས་དར་འཕེལ་ལས་ཉེ་འཁོར་གྱི་མང་ཚོགས་ལ་ཐད་ཀར་ཕན་པ་ཐོབ་པ་དང་གླིང་ཁུལ་གྱིས་དུད་ཚང་61གི་མང་ཚོགས་ལ་སྐུལ་ཁྲིད་བྱས་ཏེ་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.8རག་ཡོད། པེ་ཅིང་གི་བོད་སྐྱོར་ལས་བྱེད་པས། དེ་སྔ་དྲོད་ཁང་ཆེན་པོར་སྔོ་ཚལ་བཏབ་པར་ལོ་གཅིག་ལ་ཐེངས་གཉིས་བསྡུས་ཀྱང་ཡོང་འབབ་སྒོར་ཁྲི་གཅིག་ཟིན་གྱི་མེད། ད་ཆར་ཤིང་འབྲས་རྩེ་གྲ་བཏབ་པས་ཡོང་འབབ་ལྡབ་2འཕར་ཡོད་ཅིང་། ཐག་རིང་པེ་ཅིང་ཧྲུན་དབྱི་ནས་དྲངས་པའི་སེའུ་སྡོང་7000དང་འབྲི་ཏ་ས་འཛིན་གྱི་ལྗང་པ་ཁྲི་7.9ཡུལ་ལུང་འདི་གར་རྩ་བ་ཚུགས་པ་མ་ཟད། མི་སེར་གྱི་ཡོང་འབབ་ཀྱང་འཕར་ཡོད།

སེའུ་དམར་རྡོག་ཆུང་ཡང་གྲོང་གསེབ་དར་རྒྱས་ཀྱི་བདེ་སྐྱིད་ལམ་བུ་ཡངས་སུ་བཏང་ཡོད་ལ། པེ་ཅིང་དང་སྙེ་མོ་ས་ཆ་གཉིས་ཀྱིས་རི་ཀླུང་མང་པོ་བརྒལ་ནས་ཕན་ཚུན་ལྟ་སྐྱོང་བྱས་པའི་དཔང་པོའང་བྱས་ཡོད།

ས་མཐོའི་ཐུན་མོང་མ་ཡིན་པའི་རང་བྱུང་ཆ་རྐྱེན་ལ་བརྟེན་པའི་ལྷ་སར་ཤིང་འབྲས་དང་སྔོ་ཚལ་འཐུ་བའི་དཔལ་འབྱོར་དེ་ཉིད“ཡལ་གའི་འབྲས་བུ”ནས“སེམས་པའི་སྤྲོ་སྣང”ལ་གྱུར་བ་སྟེ། ཐོན་ལས་གླིང་དེ་འདེབས་འཛུགས་དང་། ལྟ་སྐོར། སྤྲོ་གསེང་། ལས་སྣོན་བཅས་ཀྱི་ཐོན་ལས་འཁོར་འབྲེལ་ཙམ་ཡིན་པ་མ་ཟད། ཞིང་འབྲོག་པའི་ཡོང་འབབ་འཕར་བ་དང་འཚོ་བ་ཇེ་ལེགས་སུ་ཕྱིན་པའི་མཚོན་རྟགས་དེ་བས་ཀྱང་རེད། ལོ་ལེགས་ཀྱི་འབྲས་བུ་གཡུར་དུ་ཟ་བ་དེ་དུད་ཁྱིམ་ཁྲི་སྟོང་མང་པོའི་བདེ་སྐྱིད་ལྡན་པའི་འཚོ་བ་ནས་གསལ་པོར་མངོན་ཡོད།