ཀྱག་ཀྱོག་གི་གླང་ཆེན་ཁ་འབབ་ལུང་ཤུར་དུ་གནས་པའི་ བསྟི་ཡག་ཤང་དུ་དེ་སྔ་འགྲིམ་འགྲུལ་སྟབས་བདེ་པོ་མེད་པས། ཕར་འགྲོ་ཚུར་འོང་བྱེད་དཀའ་མོ་ཡོད། ས་སྐྱེས་རྡོ་སྐྱེས་ཀྱི་བསྟི་ཡག་བ་བྱམས་པ་བསམ་གཏན་གྱིས་ཆུང་དུས་ནས་ཡུལ་མི་ཚོ་རི་ཁུག་ཏུ་འཚོ་བ་སྐྱེལ་བར་དཀའ་ངལ་ཆེན་པོ་ཡོད་པ་མིག་མཐོང་ལག་ཟིན་བྱུང་ཡོད། 2010ལོར་བོད་ལྗོངས་མི་རིགས་སློབ་གླིང་ནས་ཐོན་རྗེས་བྱམས་པ་བསམ་གཏན་གྱིས“ང་ནི་བསྟི་ཡག་ཏུ་འཚར་ལོངས་བྱུང་བ་ཞིག་ཡིན། དེ་གའི་རི་བོས་ང་བསྒུགས་ནས་བསྡད་ཡོད་ལ་དེ་གའི་ཡུལ་མི་ཚོས་ཀྱང་ང་བསྒུགས་ནས་བསྡད་ཡོད”ཅེས་བཤད་དེ་འཕྲལ་དུ་རང་ཡུལ་དུ་ལོག
ཕ་ཡུལ་དུ་ལོག་རྗེས་བྱམས་པ་བསམ་གཏན་གྱིས་གཞི་རིམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་པ་ནས་འགོ་བཙུགས་ཏེ། བྱ་བ་གང་ཞིག་བསྒྲུབས་ཀྱང་སེམས་ནུས་ཡོད་རྒུ་འདོན་པ་དང་ཏན་ཏན་ཏིག་ཏིག་གིས་བསྒྲུབས་ཏེ་ཕ་ཡུལ་གྱི་རྒན་རབས་ཚོའི་དྲིན་ལན་འཇལ་གྱི་ཡོད།
རྒྱུན་དུ་ནས་ལས་ཀར་ཧུར་བརྩོན་ཆེ་བ་དང་མང་ཚོགས་ལ་འགན་འཁྲི་འཁུར་སེམས་ལྡན་ཞིང་གཞི་རིམ་དུ་ལོ་མང་ཞུན་བརྡར་ཐེབས་པའི་བྱམས་པ་བསམ་གཏན་གྱིས་2024ལོར་རྩྭ་མདའ་རྫོང་རྫ་རོང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅིའི་འགན་ཁུར་ཏེ་དེ་བས་ལྕི་བའི་འགན་འཁྲི་ཕྲག་ཏུ་བླངས་ཡོད།
རྫ་རོང་ཤང་གི་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་དུ་བྱམས་པ་བསམ་གཏན་གྱིས་ཕྱིར་བཤོལ་གཏན་ནས་བརྒྱབ་མྱོང་མེད་པར་བློ་བརྟན་འགྱུར་མེད་ངང་འཐབ་ས་དང་པོར་གཞི་ཚུགས་ཏེ་ལྷག་བསམ་ཟོལ་མེད་ངང་ཁ་ཡོད་ལག་ཡོད་ཀྱི་བྱ་བ་སྒྲུབ་པའི་སྙིང་སྟོབས་ལ་བརྟེན་ནས་ས་མཐོའི་ཡུལ་དེ་དྲོ་སྐྱིད་ལྡན་པའི་གནས་ཤིག་ཏུ་འཛུགས་སྐྲུན་བྱས་པ་རེད།
མཐའ་མཚམས་ཀྱི་འཐབ་ས་དང་པོའི་ཤང་གྲོང་ཡིན་པའི་རྫ་རོང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་བའི་ཉིན་དང་པོར། བྱམས་པ་བསམ་གཏན་གྱིས“ཏང་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་རྒྱུ”དེ་ལས་ཀའི་ཟིན་ཐོའི་ཤོག་ལྷེ་དང་པོར་བཀོད།
བྱམས་པ་བསམ་གཏན་གྱིས་སྣེ་ཁྲིད་དེ“མི་གསར་འཚར་ལོངས་ཀྱི་ཞབས་ཞུ་ཚོགས་པ”བཙུགས་པ་དང་། ན་གཞོན་ལས་བྱེད་པ་15དང་ཏང་ཡོན་རྒན་གྲས་དབར་དགེ་སློབ་ཀྱི་འབྲེལ་བ་བཙུགས་པ་མ་ཟད་དུད་ཚང་དུ་བསྐྱོད་ནས་ཅི་འཕྲོས་མོལ་འཕྲོས་ཤོད་པ་དང་མང་ཚོགས་ཀྱི་བསམ་ཚུལ་ཉན་པ་ནས་ཆུ་ཡུར་ཉམས་གསོ་བྱེད་པ་དང་དམངས་འཚོའི་དཀའ་གནད་ཐག་གཅོད་བྱེད་པའི་བར་དང་། དེ་ནས་བྱེད་ཐབས་གསར་གཏོད་ཀྱིས་བརྙན་ཐུང་གི་ལམ་ནས་ཕ་ཡུལ་གྱི་ཁྱད་ལྡན་ཐོན་རྫས་འོས་སྦྱོར་བྱེད་པ་དང་འབྲོག་པའི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བའི་བར། དགེ་སློབ་དབར་སྙིང་སྟོབས་གཅིག་རྒྱུན་གཅིག་གིས་འཛིན་པ་དང་མཉམ་དུ་འབད་འབུངས་བྱས་པར་བརྟེན་རྫ་རོང་ཤང་གི་ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་ཕྱིན་ཡོད།
2025ལོར་བྱམས་པ་བསམ་གཏན་གྱི་སྣེ་ཁྲིད་འོག ཤང་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་58འདུམ་འགྲིག་བྱས་པ་དང་། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་གྱི་མ་དངུལ་སྒོར་ཁྲི་800ལྷག་ཙམ་ཐག་གཅོད་བྱས་པ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་གནད། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་27ཐག་གཅོད་ཏན་ཏིག་བྱས་པས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་100%ཟིན་ཡོད།
ཉེ་བའི་ལོ་ཤས་རིང་། ཁོང་གིས་རང་འགུལ་ངང་ཁོངས་གཏོགས་ཁུལ་གྱི་ཨར་སྐྲུན་རྣམ་གྲངས་སྣ་ཚོགས་དང་འབྲེལ་མཐུད་བྱས་ཏེ་ས་གནས་དེ་གའི་འབྲོག་པར་ལས་མིར་འགྲོ་བའི་གོ་སྐབས་དང་འཕྲུལ་ཆས་བོགས་མར་གཏོང་བའི་ཐབས་ལམ་བརྩོན་ལེན་ཧུར་ཐག་བྱས་ཤིང་། རིམ་རྩིས་བརྒྱབ་ན་མང་ཚོགས་67ཐག་ཉེ་སར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་དང་མང་ཚོགས་ཀྱི་འཕྲུལ་ཆས་50ལྷག་ཙམ་མཐུན་སྦྱོར་གྱིས་སྤྱད་པས་ལོར་འབབ་འཕར་སྒོར་ཁྲི་400ལྷག་ཙམ་བྱུང་ཡོད། དེ་དང་ཆབས་ཅིག ཁོང་གིས་ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱེད་ཀྱི་ཡོད། དེ་ཡང་རང་འགུལ་ངང་ལག་རྩལ་ཐོན་ཁུངས་དང་འབྲེལ་མཐུད་བྱེད་པ་དང་། བྲིན་ཚོང་ཐབས་ལམ་ཤར་གཏོང་བྱེད་པ། ཁྲོམ་རའི་ཚོང་ལམ་རྒྱ་ཆེར་གཏོང་བ་བཅས་ལ་བརྟེན་ནས་རྫ་རོང་གྲོང་ཚོའི་ཁྱད་ལྡན་ཐོན་རྫས་མཉམ་ལས་ཁང་དང་དཔལ་འབྱོར་ཤིང་འབྲས་ཐོན་ལས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱས་པས། མཉམ་ལས་ཁང་གིས་ལོ་ལྟར་ཁོངས་མིར་ཁེ་སྤོགས་སྒོར་ཁྲི་17བགོ་འགྲེམས་རྒྱག་ཐུབ་ཀྱི་ཡོད། 2025ལོར་རྫ་རོང་ཤང་གི་གྲོང་ཚོ་གཉིས་ཀྱི་མཉམ་སྡེབ་དཔལ་འབྱོར་ནས་ཁེ་སྤོགས་ཁྱོན་སྒོར་ཁྲི་217.94བགོ་འགྲེམས་བརྒྱབ་པ་དང་ཤང་དེ་ཡོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.76ཟིན་པ་དེ་ལོ་གོང་མ་ལས་13%འཕར་ཡོད།
“ཧྲུའུ་ཅིས་ང་ཚོར་ལྷག་བསམ་ཟོལ་མེད་ཀྱིས་བསམ་བློ་བཏང་ནས་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུར་འཁྲིད་པས་ང་ཚོའི་འཚོ་བ་ལོ་རེ་བཞིན་ཡག་ཏུ་ཕྱིན་སོང”ཞེས་རྫ་རོང་ཤང་རི་པ་གྲོང་ཚོའི་ཡུལ་མི་ནོར་བུ་བསྟན་འཛིན་གྱིས་བཤད་པ་དང་། ཁོང་གི་བབ་ཆགས་པའི་སྐད་ཆ་ལས་ས་གནས་དེ་གའི་ཞིང་འབྲོག་པའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཕྱིན་པ་མངོན་བཞིན་ཡོད།