《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年09月18日

སློབ་ཐུན་གཅིག འཕྲིན་ཡིག་གཅིག དར་ཆ་གཅིག

—— གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གྲོ་མོ་སྨད་ཤང་སློབ་ཆུང་གིས་མི་རིཌ་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ལག་ལེན་བྱས་པའི་སྐོར་བཀོད་པ།

“སྐུ་ཁམས་བཟང་། ལྷན་རྒྱས་ང་ཚོའི་མི་རིགས་མཐུན་སྒྲིལ་གྱི་ཁྱམས་རིང་དུ་ཕེབས་པར་དགའ་བསུ་ཞུ” ཞོགས་པ་དེར་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གྲོ་མོ་སྨད་ཤང་སློབ་ཆུང་གི་སྒོ་རའི་ནང་ལོ་རིམ་ལྔ་པའི་སློབ་ཕྲུག་ཟླ་བ་སྒྲོལ་དཀར་གྱིས་རྒྱ་སྐད་ཆུ་རྒྱུག་རྒྱུག་བརྒྱབ་ནས་འགྲེམས་པང་སྟེང་གི་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་ངོ་སྤྲོད་བྱེད་བཞིན་མཆིས།

མཐའ་མཚམས་ལམ་ཐིག་དང་བར་ཐག་སྤྱི་ལེ་བཅུ་གྲངས་ལས་མེད་པའི་སློབ་ཆུང་དེ་ནི་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཀྱི་མིང་དོན་མཚུངས་པའི“མཐའ་མཚམས་རྒྱལ་སྒོའི་སློབ་གྲྭ”ཞིག་རེད། ཉེ་བའི་ལོ་ཤས་རིང་། གྲོ་མོ་སྨད་ཤང་སློབ་ཆུང་གིས་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ། ས་གནས་དེ་གའི་མི་རིགས་ཀྱི་རིག་གནས་ཐོན་ཁུངས་དང་གསར་བརྗེའི་ཐོན་ཁུངས་སོཌ་ཀྱི་ལེཌ་ཆ་འདོན་སྤེལ་གང་ལེགས། བསམ་བློ་ཆབ་སྲིད་ཀྱི་ཤེས་བྱ་སློབ་གྲྭའི་ཕྱོགས་གང་ས་ནས་མངོན་པ། མི་རིགས་མཐུན་སྒྲིལ་རྨང་གཞིར་བྱེད་པ་དང་རྒྱལ་སྲུང་སློབ་གསོ་ཁྱད་ཆོས་སུ་བྱེད་པའི་མི་སྣ་གསོ་སྐྱོང་བྱེད་སྟངས་བརྒྱུད་རིམ་ལྡན་པའི་ངང་སྐྲུན་པ་བཅས་བྱས་པས། སྔ་རྗེས་སུ་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་དྲོ་སྐྱིད་ལྡན་པའི་སློབ་གྲྭ་འཛུགས་སྐྲུན་གྱི་དཔེ་མཚོན་དང་བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་སློབ་གྲྭ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།

འགྲེམས་པང་ཞིག་ནས་ཁས་ལེན་ཞིག་གི་བར།

“ཁྱམས་རིང་འདི་བརྒྱུད་ནས་འགྲོ་མཁན་གྱི་དགེ་སློབ་ཚོས་འདི་ནས་བརྒྱུད་སྐབས་གོམ་པ་དལ་དུ་བཏང་ནས་འགྲེམས་པང་གི་ནང་དོན་ལ་ནན་ཏན་ངང་ལྟ་གི་ཡོད”སློབ་གྲྭའི“འགྲེལ་བཤད་པ་ཆུང་ཆུང”གི་གྲས་ཤིག་ཡིན་པའི་ཟླ་བ་སྒྲོལ་དཀར་གྱིས་འགྲེལ་བཤད་རྒྱག་སྐབས་གདེང་ཚོད་ཆེན་པོ་ཡོད་པ་ངང་གིས་མངོན་ཡོང་། ཁོ་མོས“འགྲེམས་པང་ལ་ལྟ་གིན་ལྟ་གིན་ང་ཚོས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་པ་གང་འདྲ་ཞིག་ལ་ཟེར་བ་ཤེས་ཐུབ”ཅེས་བཤད།

ད་ཆ་མི་རིགས་མཐུན་སྒྲིལ་བར་ཁྱམས་ནི་སློབ་གྲྭའི་ནང་གི་ལྟ་སྐོར་བྱ་ཡུལ་གཙོ་བོ་དེ་ཡིན་པ་དང་། སློབ་གྲྭ་དེ་གའི་དགེ་སློབ་ལ་སྒོ་མོ་ཕྱེ་བ་མ་ཟད། ད་དུང་སློབ་གྲྭ་གཞན་གྱི་དགེ་སློབ་དང་། མཐའ་སྲུང་མི་དམངས་ཉེན་རྟོག་པ། བོད་སྐྱོར་ལས་བྱེད་པ་བཅས་ཀྱང་ལྟ་སྐོར་དུ་ཡོང་གི་ཡོད། སློབ་སྤྱི་སྐལ་བཟང་རྡོ་རྗེས“སློབ་གྲྭ་གཞན་དག་གིས་རྟག་ཏུ་དགེ་སློབ་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་བྱེད་པར་ཡོང་གི་ཡོད། ང་ཚོས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་ལྟ་རིན་ཡོད་པ་དང་། མྱོང་ཚོར་ཟབ་པ། སྦྱོང་རིན་ཡོད་པ་བཅས་ཀྱི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

རིག་གནས་ཀྱིས་སེམས་ཀྱི་ཞིང་ས་བརླན་ཡུལ་དེ་ཁྱམས་རིང་ཁོ་ན་ག་ལ་ཡིན། སློབ་གྲྭས་སློབ་གྲྭའི་ལྕགས་རི་དང་། ནག་པང་གསར་འགྱུར། LEDབརྙན་ཤེལ་སོགས་སུ་ཡང་མི་རིགས་མཐུན་སྒྲིལ་གྱི་ནང་དོན་སྟོན་པ་དང་། འཛིན་གྲྭ་ཁག་གིས་ད་དུང་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་འཛིན་གྲྭའི་གདམ་ཚིག་དང་འཛིན་རྟགས་བཟོས་པ་མ་ཟད། སྒོ་དབྱེ་རྣམ་པའི་དཔེ་ཀློག་ཁུལ་ཡང་བཀོད་སྒྲིག་བྱས་ཡོད་པ་རེད། སློབ་གསེང་དུ་ཕྲུ་གུ་ཚོས་མི་རིགས་མཐུན་སྒྲིལ་གཏམ་རྒྱུད་ཀྱི་རི་མོའི་དེབ་ལྟ་གི་ཡོད།

སློབ་གསོའི་ཇུས་ཆེན། དགེ་རྒན་ལ་ཐུག་ཅེས་པ་ལྟར། སློབ་གྲྭས་རྒྱ་རིགས་དང་བོད་རིགས་ཀྱི་དགེ་རྒན་དབར་ཆ་སྒྲིག་རོགས་རམ་བྱེད་དུ་བཅུག་སྟེ་དུས་བཀག་ལྟར་དགེ་རྒན་གྱི་ཀུན་སྤྱོད་གསོ་སྦྱོང་དང་མི་རིགས་མཐུན་སྒྲིལ་གྱི་ཆེད་དོན་སློབ་སྦྱོང་བྱས་པ་དང་འབྲེལ“མི་རིགས་མཐུན་སྒྲིལ་གྱི་ཏང་ཡོན་དཔེ་སྟོན་ལས་གནས”བཙུགས་ནས། དུས་བཀག་ལྟར་སློབ་གྲྭ་རིམ་པའི“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཛིན་གྲྭ”དང་། “མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཉལ་ཁང”“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མི་སྒེར”བཅས་དཔྱད་འདེམས་བྱེད་ཀྱི་ཡོད། སྐལ་བཟང་རྡོ་རྗེས“དགེ་རྒན་དབར་ཁྱིམ་ཚང་གཅིག་ལྟར་འཆམ་པོ་བྱུང་ན་སློབ་མ་ཚོའི་རྒྱུད་ལའང་སྤྱོད་བཟང་འཇགས་ཐུབ”ཅེས་བཤད།

འཕྲིན་ཡིག་ལས་ལེ་དབར་སྟོང་གི་བརྩེ་བ་གཅིག་ཏུ་སྦྲེལ།

གལ་ཏེ་ཁྱམས་རིང་ཞིག་ལས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་མཐོང་ཐུབ་ན། ལེ་དབར་སྟོང་ཕྲག་ས་ནས་བསྐུར་བའི་འཕྲིན་ཡིག་གིས་མེས་རྒྱལ་ཁྱིམ་ཚང་ཆེ་མོ་ཡི་བརྩེ་བ་ཚོར་ཐུབ།

སློབ་གསེང་དུ་སློབ་མ་པད་མ་ཕན་ཐོགས་ཀྱིས“རྒན་ལགས། འཕྲིན་ཡིག་འབྱོར་སོང་། འཕྲིན་ཡིག་འབྱོར་སོང”ཞེས་ཟེར་བཞིན་ཡིག་སྐོགས་མཐུག་པོ་ཞིག་ཁྱེར་ནས་སློབ་ཁང་དུ་འཛུལ། ཡིག་སྐོགས་ཐོག་གི་སྦྲག་ཐེལ་ནི་ཧྲང་ཧའེ་དང་ཧེ་ལུང་ཅང་ནས་ཡིན་པ་དང་། དེ་ནི་སློབ་གྲྭ་དང་ལྗོངས་ཕྱིའི་ཆ་སྒྲིག་སློབ་གྲྭས་འཕྲིན་ཡིག་བསྐུར་རེས་ཀྱི་བྱེད་སྒོ་སྤེལ་རྗེས་འབྱོར་བའི་འཕྲིན་ལན་ཁག་གཅིག་རེད།

འཕྲིན་ཡིག་གཅིག་ཐུང་ཐུང་ཡིན་ཞེས་བརྗོད་ཆོག གང་ལགས་ཤེ་ན་དེའི་ནང་སྐད་ཆ་ཁྲི་སྟོང་མང་པོ་འབྲི་མི་ཐུབ་པ་དང་། ཡང་འཕྲིན་ཡིག་གཅིག་རིང་པོ་ཡིན་ཞེས་བརྗོད་ཆོག གང་ལགས་ཤེ་ན་དེས་གངས་ལྗོངས་ས་མཐོ་དང་། ཧོང་ཕུའུ་གཙང་འགྲམ། སུང་ཧྭ་གཙང་འགྲམ་བཅས་དམ་པོར་སྦྲེལ་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ལོ་གསུམ་རིང་སློབ་གྲྭས་ཧེ་ལུང་ཅང་ཞིང་ཆེན་ཧྲོང་ཡཱ་ཧྲན་གྲོང་ཁྱེར་ཚོད་ལྟའི་སློབ་གྲྭ་དང་། ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཐུའོ་ཆུས་ཤིན་ཕུའུ་ཐུའོ་སློབ་ཆུང་གི་ཤར་ཕྱོགས་སློབ་གྲྭ་དང་དེ་བཞིན་ཧྲང་ཧའེ་བོད་སྐྱོར་ལས་སྟེགས་དང་ཡུན་རིང་མཉམ་ལས་བྱས་ཡོད།

“དྲ་ཐོག་ནས་ལག་གདང་སྦྲེལ་བའི”བྱེད་སྒོ་སྤེལ་སྐབས་ས་གནས་གཉིས་པོའི་སློབ་མས་མཉམ་དུ་བརྙན་ལམ་བརྒྱུད་སློབ་ཚན་གཅིག་འཚོགས་ཏེ། ཕ་ཡུལ་གྱི་རྣམ་པ་ཕན་ཚུན་ངོ་སྤྲོད་བྱེད་ཀྱི་ཡོད། གྲོ་མོ་སྨད་ཤང་སློབ་ཆུང་གི་ཕྲུ་གུ་ཚོས་རྒྱལ་ནང་གི་སློབ་མར་བོད་སྐད་ཐོག་ནས་འཚམས་འདྲི་བྱེད་སྟངས་སློབ་པ་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཕྲུ་གུས་གྲོང་ཁྱེར་གྱི་དཔེ་མཛོད་ཁང་དང་ས་འོག་ལྕགས་ལམ་མཉམ་སྤྱོད་བྱེད་ཀྱི་ཡོད། “དེ་སྔ་ཧྲང་ཧའེ་ས་ཐག་ཧ་ཅང་རིང་པོ་ཡོད་པ་ཚོར་བ་དང་། ད་ཆ་ཁོང་ཚོ་ཉེ་འགྲམ་འཛིན་གྲྭར་ཡོད་པའི་སློབ་གྲོགས་ཡིན་པའི་སྣང་བ་ཡོང་གི་འདུག”

“ཧྲང་ཧའེ་རུ་ཞིབ་སྦྱོང་བྱེད་པའི”བྱེད་སྒོར་ཞུགས་པ་བརྒྱུད་སྔ་རྗེས་སུ་རི་གྲོང་ནས་ཐོན་པའི་གྲོ་མོའི་སློབ་མ་ཁག་གཅིག་གིས་མེས་རྒྱལ་གྱི་འཕེལ་རྒྱས་དངོས་སུ་མཐོང་བ་དང་། ལྗོངས་ཕྱིའི་རོགས་ཟླ་ཆུང་ཆུང་གི་ལྷག་བསམ་དངོས་འབྲེལ་ཚོར་ཡོད།

“ཕྲུ་གུ་མང་པོ་ཞིག་གིས‘རང་ཉིད་དྲོ་སྐྱིད་ལྡན་པའི་མེས་རྒྱལ་ཁྱིམ་ཚང་ཆེ་མོ་ཞིག་གི་ཁོངས་སུ་གཏོགས་པའི་ཚོར་སྣང་ཟབ་མོ་བྱུང་བས། འཇོན་ཐང་ཡག་པོ་སྦྱངས་ནས་ཕ་ཡུལ་འཛུགས་སྐྲུན་བྱེད་ཀྱི་ཡིན’ཞེས་བརྗོད། མོས་སེམས་དེ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཆེས་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད”ཅེས་སློབ་སྤྱི་སྐལ་བཟང་རྡོ་རྗེས་བརྗོད།

རྒྱལ་དར་ལས་མངོན་པའི་རྒྱལ་ཞེན་སློབ་ཁྲིད།

སློབ་ཁྲིད་ཐོག་ཁང་དུ་ད་དུང་དམིགས་བསལ་གྱི་ས་ཆ་ཞིག་ལ་སྣང་བ་ཆེན་པོ་བྱུང་བ་དེ་ནི་རྒྱལ་དར་ཉར་ཚགས་སྒམ་རེད།

སྒམ་ནང་སྔོན་ཆད་མཐའ་མཚམས་སུ་འཛུགས་མྱོང་བའི་རྒྱལ་དར་བཅུ་ལྷག་ཙམ་བླུགས་ཡོད། རྒྱལ་དར་རེ་རེའི་རྒྱབ་ཏུ་མཐའ་མཚམས་སྲུང་བའི་གཏམ་རྒྱུད་རེ་ཡོད། ལྟེབ་བརྩེགས་རེ་རེའི་ནང་དུ་ཁ་བ་བུ་ཡུག་དང་བརྟན་སྲུང་འདུས་ཡོད།

“འདི་གའི་རྒྱལ་དར་ཚང་མ་ནི་གསོན་ཉམས་དོད་ཤོས་ཀྱི་རྒྱལ་སྲུང་སློབ་གཞི་རེད། རྒྱལ་དར་འདི་དག་ལས་སླ་པོར་བྱུང་བ་ཞིག་མིན་ཞིང་། ལ་ལ་ནི་དཔུང་སྡེའི་དཔོན་དམག་གིས་སྐོར་གཡེང་ལས་འགན་མཇུག་འགྲིལ་རྗེས་ཆེད་མངགས་བསྐྱལ་བ་དང་། འགའ་ཤས་ནི་སློབ་གྲྭའི་དགེ་སློབ་དམག་སྒར་དུ་སྐྱོད་སྐབས་རག་པ་ཞིག་རེད”ཅེས་སྐལ་བཟང་རྡོ་རྗེས་བཤད།

རྒྱལ་དར་ནི་སྒྲིག་གཤོམ་ཐོག་སྟོན་པ་ཙམ་མིན་པར་སློབ་གྲྭ་དང་དམག་སྒར་དབར་ད་དུང་སྤེལ་རེས་མང་པོ་བྱེད་བཞིན་ཡོད། སློབ་གྲྭ་དང་གྲོ་མོར་བཅའ་སྡོད་དཔུང་སྡེའི་དབར་མཉམ་ལས་གཏིང་ཟབ་བྱས་ཏེ“མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”དམག་སློབ་མཉམ་སྐྲུན་བྱེད་སྟངས་ལག་བསྟར་བྱས་ཡོད། གཟའ་འཁོར་རེའི་རེས་གཟའ་ཟླ་བའི་ཞོགས་པར་དཔུང་སྡེའི་དཔོན་དམག་ཚོ་རེས་མོས་ངང་སློབ་གྲྭར་ཡོང་སྟེ་དགེ་སློབ་ཚོ་དང་མཉམ་དུ་རྒྱལ་དར་སྒྲེང་བ་དང་། རྒྱལ་གླུ་ལེན་པ། རྒྱལ་དར་སྒྲེང་སྟངས་ཚད་ལྡན་དུ་གཏོང་བ་སོགས་བྱེད་པ་མ་ཟད། ད་དུང་རྒྱལ་དར་དང་འབྲེལ་བ་ཡོད་པའི་ཤེས་བྱ་སློབ་ཀྱི་ཡོད།

རྒྱལ་སྲུང་ཤེས་བྱའི་འཆད་ཁྲིད་དང་དམག་དོན་ཉམས་ལེན་སློབ་ཚན་ཡང་སློབ་ཁང་དུ་སྤེལ་གྱི་ཡོད། ཕྲུ་གུ་ཚོ་ད་དུང་དམག་སྒར་དུ་བསྐྱོད་དེ་ལེན་ཤོག་གི་གཟི་བརྗིད་མཚན་སྙན་ཁང་ལ་ལྟ་སྐོར་དང་མཐའ་མཚམས་སྲུང་བའི་གཏམ་རྒྱུད་ཉན་པ་མ་ཟད། ད་དུང་དཔོན་དམག་དང་མཉམ་དུ་ཉལ་གོས་བསྡུ་སྟངས་དང་གོམ་སྟབས་འགྲིག་པོ་སྤོ་སྟངས་སྦྱངས་པ་རེད།

ལྷབ་ལྷུབ་ཏུ་གཡོ་བའི་རྒྱལ་དར་རེ་རེ་ལས་མཐའ་མཚམས་སོ་ལྟ་ཁང་དང་སློབ་གྲྭ་མཉམ་དུ་སྦྲེལ་ཡོད། དམག་སྒར་ནང་གི་ཉམས་ལེན་རེ་རེས“མཐའ་སྲུང”ཞེས་པའི་ཐ་སྙད་དེ་ཆ་རྒྱུས་དེ་ཙམ་མེད་པའི་ཐ་སྙད་ཅིག་ནས་ཕྲུ་གུ་ཚོའི་སེམས་ནང་ཧ་ཅང་གསལ་བའི་གཟུགས་བརྙན་ཞིག་ཏུ་གྱུར་ཡོད།

མི་རིང་བའི་གོང་། སློབ་གྲྭ་ཡོངས་ཀྱི་མི་རིགས་ཁག་གི་དགེ་སློབ་ཚོས་མིང་མཉམ་དུ་བཀོད་ནས་གནམ་བདེ་སྒོ་མོ་ཆེའི་རྒྱལ་དར་སྲུང་སྐྱོང་རུ་ཁག་ལ་འཕྲིན་ཡིག་སྤྲིངས་པ་རེད། འཕྲིན་ཡིག་ནང་ཕྲུ་གུ་ཚོས་གངས་རི་དང་། སོ་ལྟ་ཁང་། རྒྱལ་དར་ཉར་ཚགས་སྒམ་བཅས་བྲིས་ཡོད།

མཐའ་མཚམས་རྒྱལ་སྒོར་རྒྱལ་དར་ཉིན་ལྟར་སྒྲེང་བཞིན་ཡོད་ཅིང་། རྒྱལ་ཁབ་ནི་ཁྱིམ་ཚང་དང་ཁྱིམ་ཚང་ནི་རྒྱལ་ཁབ་ཡིན་པ་ལག་ལེན་དངོས་ལས་མཚོན་བཞིན་ཡོད།

(རིག་འཛིན་རྡོ་རྗེས་བསྒྱུར། ལྷག་པ་ཚེ་རིང་གིས་ཞུས)