ཨ་ཅག་མཚམས་སྒྲོལ་རྣང་མའི་སྟེང་ལངས་ནས་མིག་མདུན་གྱི་སེར་ལམ་ལམ་གྱི་གྲོ་ཞིང་ལ་ལྟ་བཞིན་ངོ་གདོང་འཛུམ་གྱིས་ཁེངས། དེ་ནི་ལོ་ལེགས་བྱུང་བའི་དགའ་སྤྲོའི་འཛུམ་མདངས་རེད།
ཁོ་མོའི་ཁྱིམ་གྱིས་བཏབ་པ་ནི་སྤྱིར་བཏང་གི་འབྲུ་སྣ་མིན་པར་སོན་བཟང་རེད། མུའུ་25ཟིན་པའི་རིམ་པ་དང་པོའི་སོན་བཟང་དང་། མུའུ་25ཟིན་པའི་རིམ་པ་གཉིས་པའི་སོན་བཟང་སྟེ། “བོད་ནས་ཨང་3000”དང“ལྷོ་ཁའི་དགུན་གྲོ་ཨང་7པ”ཡིན་ཞིང་། ལོ་གཅིག་ལ་སོན་བཟང་བཙོངས་པ་ཁོ་ནར་ཡོང་འབབ་སྒོར་ཁྲི་5ཟིན་གྱི་ཡོད།
ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་སྨད་སྡེ་ཁུལ་དུ་སོན་བཟང་གསོ་སྤེལ་གྱི་ས་ཞིང་དེ་ལྟ་བུ་ཁྱོན་མུའུ་2260ཡོད་ཅིང་། ཡར་ཀླུང་གཞུངགི་ཡར་ལྷ་ཤམ་ཆུ་དང་འཕྱོངས་རྒྱས་ཤམ་ཆུ་དེ་གར་འདྲེས་ནས་ཞིང་ས་གཤིན་པོ་ཆགས་པ་མ་ཟད། ས་མཐོའི་ཞིང་ལས་ཀྱང་དར་འཕེལ་བྱུང་ཞིང་། དེ་ནས་སྤྱི་ལེ་5ཡི་སར་བོད་ཀྱི་ཞིང་ལ་སྔ་བ་རྩེད་ཐང་གི་ཟོ་དང་ཞིང་ཡོད།
ས་ཆ་དེ་གར་སོན་བཟང་ལ་བརྟེན་ནས་ཚོད་འདེབས་ཞིང་ཁ་ནས་ཞིང་ཐང་ཆེན་པོའི་ཕྱོགས་སུ་ཡར་རྒྱས་གོང་འཕེལ་བྱུང་བ་དང་། དེའི་ཁྲོད་ནས་ས་མཐོའི་སོན་ལས་དར་རྒྱས་ཀྱི་འགྱུར་ཁུག་གསལ་པོ་ཚོར་ཐུབ།
ཡར་ཀླུང་གཞུང་དུ་རྩ་བ་ཚུགས་ནས་མྱུ་གུ་འབུས་པ།
ཁེ་སྨད་སྡེ་ཁུལ་གྱི་བགྲོད་ལམ་དུ་སྐྱོད་སྐབས་འབྲས་བུའི་ཁུར་གྱིས་དུད་པའི་སྙེ་མའི་རླབས་ཕྲེང་རི་འདབས་བར་དུ་གཡོ་ཞིང་། “ལྷོ་ཁའི་དགུན་གྲོ་ཨང་7པའི”ལོ་ཏོག་མིའི་སྐེད་པའི་བར་སླེབས་པ་དང་། སོག་རྐང་དག་དྲང་ཞིང་སྐྱེ་སྟོབས་ལྡན་ལ་གྲོ་སྙེའི་རྡོག་པོ་འབྲས་བུའི་ཁུར་གྱིས་ལྕི།
1965ལོར། ལྷོ་ཁ་གྲོང་ཁྱེར་ཞིང་ལས་ཚན་རིག་ཁང་གིས་ཚོད་ལྟའི་ཞིང་ཁ་བསྐྲུན་པ་དང་། ལོ་20ལྷག་ཙམ་གྱི་གོང་། ཁེ་སྨད་སྡེ་ཁུལ་དུ་ཚོད་ལྟའི་ཞིང་ཁ་བཟོས་པ་དང་ཚན་རྩལ་མི་སྣས་མི་རབས་ནས་མི་རབས་བར་གྱིས་ཡུལ་ལུང་དེ་གར་སོན་བཟང་ཁྱབ་གདལ་ལས་ལ་བྲེལ།
ཞིང་ལས་ལག་རྩལ་ཁྱབ་གདལ་གྱི་ཞིབ་འཇུག་པ་ཀྲུའུ་ཞ་1993ལོར་བོད་དུ་སློབ་སྦྱོང་བྱེད་པར་སླེབས། དེ་རྗེས་ཀྱི་ལོ་30ལྷག་ཙམ་རིང་དགུན་གྲོ་སྐྱོང་གསོ་དང་དེ་བཞིན་ལག་རྩལ་ཁྱབ་གདལ་གྱི་ལས་ཀ་བྱས་ཏེ། “ལྷོ་ཁའི་དགུན་གྲོ་ཨང་7པ”ཚོད་ལྟ་ཁང་ནས་ཞིང་ཐང་ཆེན་པོའི་བར་ཁྱབ་པའི་བརྒྱུད་རིམ་ཧྲིལ་པོར་དཔང་པོ་བྱས་ཡོད།
ཀྲུའུ་ཞ་ཡིས་བལྟས་ན། ཞིང་ལས་གཉེར་བར་དང་ཐོག་མར་ངང་རྒྱུད་རིང་པོ་དགོས། ལོ་ཏོག་སྐྱེ་ཡུན་རིང་བ་དང་ལྷག་པར་དུ་ས་མཐོའི་ཡུལ་ལུང་དུ“ལྷོ་ཁའི་དགུན་གྲོ་ཨང་7པ”དེ་རྒྱུད་འདྲེས་སྡེབ་སྒྲིག་བྱས་པ་ནས་རྩ་ལག་མང་པོ་གདམ་ག་བྱས་པའི་བར་དང་། དེ་ནས་ས་ཁོངས་ཀྱི་ཚོད་ལྟ་དང་ཐོན་སྐྱེད་ཚོད་ལྟའི་བར། ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། རང་སྐྱོང་ལྗོངས་ཀྱི་ཁྱབ་གདལ་གཙོ་བོ་གཏོང་བའི་སྣ་ཁར་གྱུར་པའི་བར་དུ་ལོ་20ཡི་ལམ་འཕྲང་བརྒྱུད་ཡོད།
ཀྲུའུ་ཞ་ཡིས། ས་བོན་གྱི་ཡག་སྡུག་ལས་ཞིང་པས་གང་ཞིག་འདེབས་འདོད་བྱེད་པ་དེ་གལ་ཆེ་ཞེས་བརྗོད་ཅིང་། “ལྷོ་ཁའི་དགུན་གྲོ་ཨང་7པ”གསོ་སྤེལ་དུས་མཚམས་ནས་བཟུང་ཞིང་འབྲོག་པའི་དགོས་མཁོར་བསམ་གཞིག་བྱས་ཡོད།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) “ལྷོ་ཁའི་དགུན་གྲོ་ཨང་7པ”ནི་འབྲུ་རིགས་དང་གཟན་རྩྭ་གཉིས་ཀར་སྤྱོད་པའི་རིགས་ཡིན་ཞིང་། སོག་རྐང་གི་རིང་ཚད་ལ་ལི་སྨི་111ནས་136བར་ཡོད་པ་དང་། ཐོན་འབབ་མཐོ་པོ་ཡོང་བའི་འགན་ལེན་བྱེད་དགོས་པ་མ་ཟད། ད་དུང་ཞིང་འབྲོག་གཉིས་ཀར་འཚམ་པར་བྱེད་དགོས་པས་སོག་རྐང་རིང་པོ་དགོས་ཀྱི་ཡོད། ཁྱབ་གདལ་གཏོང་བའི་ལྷུ་ཚིགས་སུ་ས་བོན་གྱི་སྤུས་ཚད་དེ་བས་འགན་ལེན་བྱེད་དགོས་པ་དང་ལྷུ་ཚིགས་ཚང་མར་སེམས་ཁྲལ་བྱེད་དགོས་པ་སྟེ། ས་མཐོའི་གནམ་གཤིས་འགྱུར་ལྡོག་ངེས་མེད་ཡིན་པས་གོ་རིམ་གཅིག་རྗེས་མ་ཟིན་ཚེ་ལོ་གཅིག་རིང་གི་ངལ་བ་འབྲས་མེད་དུ་འགྲོ་སྲིད་ཅེས་བཤད།
ཚོད་ལྟ་ཁང་གི་ལས་ཀ་གྲུབ་རྗེས་ཚོད་ལྟའི་ཞིང་ཁར་ལས་ཀ་བྱས་ཏེ་སོན་བཟང་ཞིང་ས་གཤིན་པོར་མ་བཏབ་བར་སྲུང་དགོས་ཀྱི་ཡོད་ཅིང་། ས་རྒྱུ་གཤིན་པའི་ལུང་གཞུང་དེ་གར་ས་བོན་སྐྱེ་འཚར་ལེགས་པ་དང་། མིའི་ཕུགས་འདུན་བརྩོན་སེམས་ཀྱང་ཇེ་ཆེར་འཕེལ།
སོ་ནམ་ཡག་པོ་བྱས་པས་སྐྱེ་འཚར་ལེགས་པ།
སྙེ་འགྲིག་ཞིང་ཁར་མུའུ་ཁ་ཤས་ལས་མེད་ཀྱང་དེ་ནི་ཁེ་སྨད་སྡེ་ཁུལ་གྱི་ས་བོན་ཞིང་ཁ་ཡོངས་ཀྱི་འབྱུང་རྩ་རེད། གནས་དེ་ནས་ས་བོན་ཐོན་ཏེ་གོ་རིམ་ནན་པོ་ཞིག་བརྒྱུད་ཀྱི་ཡོད་པ་སྟེ། སྙེ་འགྲིག་ཞིང་ཁ་དང་། ཐོག་མའི་ས་བོན་ཞིང་ཁ། རིམ་པ་དང་པོའི་ས་བོན་ཞིང་ཁ། རིམ་པ་གཉིས་པའི་ས་བོན་ཞིང་ཁ། ཞིང་ཁ་ཆེན་པོ་བཅས་ཡིན།
“གཙོ་བོ་སོན་བཟང་འདོན་ཆེད་ཡིན”སོན་རིགས་གསོ་སྤེལ་རྒྱ་སྐྱེད་ཀྱི་གོ་རིམ་ཁྲོད་ལྗང་བུ་རྒྱུད་འདྲེས་མའམ་ཡང་ན་གཞན་འགྱུར་འབྱུང་སྲིད། གལ་སྲིད་འབྱུང་རྩ་ནས་ནོར་ཚེ་བཏབ་ཀྱང་ལྷད་འབྱུང་ངེས་རེད་ཅེས་ཞིང་ལས་ལག་རྩལ་མཁས་ཅན་བློ་བཟང་སྒྲོལ་མས་འགྲེལ་བཤད་བརྒྱབ།
ས་ཞིང་ཆེན་པོ་མེད་ཀྱང་ལས་ཀ་ཧ་ཅང་ཞིབ་ཚགས་བྱེད་དགོས་ཤིང་། ལོ་ལྟར་སྙེ་སོན་འདེམས་པ་དང་། སྙེ་མ་དབུར་བ། ཁུག་མར་བླུག་པ། ས་བོན་འདེབས་པ་བཅས་ཚང་མ་མི་ལ་བརྟེན་དགོས་པས་ལྷོད་གཡེང་གཏོང་མི་རུང་། སྟོན་ཐོག་བསྡུ་སྐབས་ད་དུང་ལོགས་སུ་བསྡུ་དགོས་པ་དང་། སྙེ་མ་གྲལ་སྟར་རེ་ཁུག་མ་རེར་བསྡུ་དགོས་པ་ལས་བསྲེ་མི་ཆོག་པར་བརྟེན་དཀའ་ལས་ཆེ་བ་དང་དུས་ཚོད་ཀྱང་མང་པོ་འགོར་གྱི་ཡོད།
ཐོག་མའི་ས་བོན་ཞིང་ཁ་ནས་རིམ་པ་དང་པོའི་ས་བོན་ཞིང་ཁར་བཟང་སྒྲིག་ཐེངས་གཅིག་བྱེད་པ་དང་། རིམ་པ་དང་པོའི་ས་བོན་ཞིང་ཁ་ནས་རིམ་པ་གཉིས་པའི་ས་བོན་ཞིང་ཁའི་བར་ཡང་བསྐྱར་བཟང་སྒྲིག་ཐེངས་གཅིག་བྱེད་ཀྱི་ཡོད་ཅིང་། རིམ་པ་བཞིན་བཟང་སྒྲིག་རྒྱ་སྐྱེད་བྱས་པའི་སོན་བཟང་རྣམས་ཞིང་ཁ་ཆེན་པོར་བཏབ་པ་བརྒྱུད་མུ་མེད་ཞིང་ཐང་ཡངས་པོར་གྱུར་གྱི་ཡོད།
ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་བའི་བརྒྱུད་རིམ་རྙོག་འཛིང་དེ་ལྟར་ཆེ་བས་འཁོར་སྐྱོད་ཇི་ལྟར་བྱེད་དགོས་སམ་ཞེ་ན། དེ་ཡང་སོ་ནམ་ཡག་པོ་བྱེད་དགོས་པ་དེ་རེད། གནས་འདི་གར་ཞིང་པ་ནི་རིགས་གཅིག་མཁས་ཅན་ལྟ་བུའི་ཞིང་པ་ཡིན་ཞིང་། རིགས་གཅིག་མཁས་ཅན་ནི་ཞིང་པ་ལྟ་བུའི་རིགས་གཅིག་མཁས་ཅན་ཡིན།
ཁེ་སྨད་སྡེ་ཁུལ་གྱི་མུའུ་2260ཟིན་པའི་ས་བོན་ཞིང་ཁར“ལྷོ་ཁའི་དགུན་གྲོ་ཨང་7པའི”ཐོག་མའི་ས་བོན་ཞིང་ཁ་མུའུ་50དང་རིམ་པ་དང་པོའི་ས་བོན་ཞིང་ཁ་མུའུ་1431ཡོད་པ་དང་། “ལྷོ་ཁའི་ནས་ཨང་9པའི”ཐོག་མའི་ས་བོན་ཞིང་ཁ་མུའུ་15དང་རིམ་པ་དང་པོའི་ས་བོན་ཞིང་ཁ་མུའུ་166ཡོད་པ། “བོད་ནས་ཨང་3000”གི་སྙེ་འགྲིག་ཞིང་ཁ་མུའུ་5དང་། ཐོག་མའི་ས་བོན་ཞིང་ཁ་མུའུ་50 རིམ་པ་དང་པོའི་ས་བོན་ཞིང་ཁ་མུའུ་543བཅས་ཡོད།
གཞི་ཁྱོན་དེ་ལྟ་བུའི་ས་བོན་ཞིང་ཁར་ཐོན་འབབ་ཀྱི་སྤུས་ཚད་བརྟན་པོ་ཡོང་བའི་འགན་ལེན་ཇི་ལྟར་བྱེད་དགོས་སམ། དེ་ནི་ཏང་རྩ་འཛུགས་དང་མཉམ་ལས་ཁང་ཟུང་འབྲེལ་གྱིས་གཅིག་གྱུར་གྱི་ཞབས་ཞུ་དང་གཡོག་བྱེད་བྱེད་དགོས། སྟོན་འདེབས་དང་དགུན་སྒྲོལ་ནས་སྔོ་ལོག་དང་དཔྱིད་ལས་བར། ག་དུས་ཆུ་གཏོང་བ་དང་། གཤེར་སྲུང་འཁྱགས་འགོག་ཇི་ལྟར་བྱེད་པ། དཔྱིད་གྲང་ཇི་ལྟར་འགོག་པ་སོགས་ཚང་མ་མཉམ་ལས་ཁང་གིས་གཅིག་གྱུར་བཀོད་སྒྲིག་བྱས་ནས་དུས་འཁོར་ཧྲིལ་པོའི་གཡོག་བྱེད་བརྒྱུད་རིམ་ཞིག་ཆགས་ཡོད།
ཏང་ཀྲི་པུའུ་དང་མཉམ་ལས་ཁང་གིས་ལས་སྣེ་ཁྲིད་པ་དང་མང་ཚོགས་ཀྱིས་རྗེས་སུ་འབྲངས་ནས་ལས་ཀ་བྱས་ཏེ། ཁེ་སྨད་སྡེ་ཁུལ་གྱི་སོན་བཟང་གསོ་སྤེལ་མ་ལག་འདི་ལྟར་ལོ་རེ་ནས་ལོ་རེ་བཞིན་འཁོར་རྒྱུག་བྱེད་བཞིན་ཡོད།
གངས་ལྗོངས་ཕྱི་ནང་ཀུན་ཏུ་སོན་བཟང་ཁྱབ་པ།
2011ལོར། སྡེ་ཁུལ་གྱིས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ས་ཞིང་ཐར་ཐོར་རྣམས་ཡུག་གཅིག་ཏུ་སྦྲེལ་ཏེ་ཆུ་འདྲེན་དང་། ལམ་བུ། ཆུ་འབུད་སོགས་ཀྱི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ་དང་། 2012ལོར་རིམ་པ་གཉིས་པའི་ས་བོན་ཞིང་ཁ་བསྐྲུན་པ། 2014ལོར་གྲོང་ཁྱེར་རིམ་པའི་རིམ་པ་དང་པོའི་ས་བོན་ཞིང་ཁར་རིམ་སྤོར་བྱས་པ། 2024ལོར་རྨོ་ཞིང་མུའུ་2260ཚང་མ་རིམ་པ་དང་པོའི་སོན་བཟང་གསོ་སྤེལ་ཞིང་ཁར་གྱུར་པ་སོགས་རེད།
ཁེ་སྨད་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཀྱིས་སྡེ་ཁུལ་དུ་ལས་ཀ་ལོ་10ལྷག་ཙམ་བྱས་པས་སྡེ་ཁུལ་གྱི་ས་བོན་ཞིང་ཁ་འཕེལ་རྒྱས་ཇི་ལྟར་བྱུང་ཚུལ་ལ་དཔང་པོ་བྱེད་ཐུབ།
སོན་བཟང་ཡོད་ན་བྲིན་ཚོང་ཐབས་ལམ་ལ་སེམས་ཁྲལ་མི་དགོས་ཤིང་། ལྗོངས་ནང་ཁུལ་གྱི་ལྷོ་ཁ་དང་། ཆབ་མདོ། ཉིང་ཁྲི། ནག་ཆུ་ཙམ་མ་ཟད། ཐ་ན་ལྗོངས་ཕྱིའི་མཚོ་སྔོན་དང་ཀན་སུའུ་སོགས་སུའང་བྲིན་གྱི་ཡོད།
འཕེལ་ཕྱོགས་བཟང་པོ་ཡོད་པ་དེ་ནི་སྲིད་ཇུས་བཟང་པོའི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད་པ་སྟེ། ཐོག་མའི་ས་བོན་ཞིང་ཁ་མུའུ་རེར་སོན་བཟང་གི་ཁ་གསབ་སྒོར་300དང་། རིམ་པ་དང་པོའི་ས་བོན་ཞིང་ཁ་མུའུ་རེར་སྒོར་60 རིམ་པ་གཉིས་པའི་ས་བོན་ཞིང་ཁ་མུའུ་རེར་སྒོར་30བཅས་ཡོད་པ་དང་། ཞིང་སྤྱོད་རྒྱུ་ཆའང་རིན་མེད་ངང་སྤྲོད་ཀྱི་ཡོད། 2024ལོ་དང་2025ལོར། སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་སྒོར་ཁྲི་400དང་སྒོར་ཁྲི་360སོ་སོར་ཟིན་པ་དང་འདེབས་འཛུགས་དུད་ཚང་རེར་ཆ་སྙོམས་ལོ་རེར་འབབ་འཕར་སྒོར་ཁྲི་1.8ཟིན་གྱི་ཡོད་པ་རེད།
“རང་ཉིད་ཀྱི་ཐོག་མའི་ས་བོན་ཞིང་ཁར་གཡོག་བྱེད་དེ་བས་བྱེད་བདེ”ཞེས་པ་སངས་ཀྱིས་བརྗོད་པ་དང་། ཁོང་གིས། སྡེ་ཁུལ་གྱིས་ཐོག་མའི་ས་བོན་ཞིང་ཁའི་རྒྱ་ཁྱོན་མུ་མཐུད་ཆེ་རུ་གཏོང་རྩིས་ཡོད་ལ། རེ་ཞུའང་ཕུལ་ཟིན་ནས་ས་ཞིང་ཚད་ལྡན་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་རེད་ཅེས་གསར་འགོད་པར་བཤད་པ་དང་། ཁོང་གིས་ཐག་མི་རིང་བའི་སར་ཡོད་པའི་ཞིང་ཁ་ཀོང་ཀོང་ཞིག་བསྟན་ཏེ“ཕ་གིའི་ཞིང་ཁ་དེ་དག་ད་དུང་ཁོད་སྙོམས་དགོས་ཀྱི་འདུག”ཅེས་བཤད།
ཡར་ལྷ་ཤམ་ཆུ་ལྷུང་ལྷུང་དུ་བཞུར་ཞིང་སོན་བཟང་ཞིང་ཁར་མྱུ་གུ་འབུས། ཁེ་སྨད་སྡེ་ཁུལ་གྱི་སོན་བཟང་ཡར་ཀླུང་གཞུང་ནས་དེ་བས་ཡངས་པའི་ཞིང་སར་ཁྱབ་བཞིན་ཡོད།
(ཚེ་སྒྲོལ་དང་གནམ་ཕྱུག་རྒྱལ་གྱིས་སྒྱུར་ཞུས་བྱས)