ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རྡི་ལི་གསར་པ་ནས་ཟླ་9ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྡི་ལི་གསར་པར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པའི་དུས་མཚམས་གཉིས་པའི་ཚོགས་འདུར་ཞུགས་པ་དང་འབྲེལ། 《འབོ་གསེར་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་བཏིང་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་གང་མགྱོགས་འབྱུང་བཞིན་ཡོད་པ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཚོགས་སྤྱི་རང་བཞིན་གྱི་འཕེལ་རྒྱས་ཕྱིན་ནས། འཛམ་གླིང་སྣེ་མང་ཅན་ལ་སྐུལ་འདེད་གཏོང་བའི་འགག་རྩའི་སྒུལ་ཤུགས་སུ་གྱུར་ཡོད། དེ་དང་དུས་མཚུངས། རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་བ་དང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་རྫོགས་མེད་ཐོན་བཞིན་ཡོད། འཛམ་གླིང་བརྟན་ལྷིང་དང་ལེགས་སུ་གཏོང་བར་འབོ་གསེར་རྒྱལ་ཁབ་ཀྱིས་ངེས་པར་དུ་ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་དང་རྒྱ་ཆེའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་མཐུན་སྒྲིལ་བྱས་ཏེ། རྒྱལ་སྤྱིའི་ལས་དོན་ཁྲོད་དགེ་མཚན་དང་། བརྟན་ལྷིང་། དགེ་སྒྲུབ་བཅས་ཀྱི་ནུས་པ་བཏོན་ནས་མིའི་རིགས་ཀྱི་ཐུན་མོང་གི་བདེ་རྩ་ཆེ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་ཐུན་མོང་ཐོག་སྲུང་སྐྱོང་དང་། བདག་དབང་འདྲ་མཉམ་ལ་སྲུང་སྐྱོང་། ནང་སྲིད་ལ་ཐེ་ཇུས་མི་བྱེད་པ། རྩོད་གཞི་ཞི་བའི་ངང་ཐག་གཅོད་བྱེད་པ་སོགས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལྟར། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་སྒྲིག་སྲོལ་འདྲ་མཉམ་ངང་སྤྱོད་རྒྱུ་འགན་ལེན་བྱེད་དགོས་པ་ལས་ཚད་གཞི་གཉིས་འཛིན་མི་རུང་། ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་ནུས་པར་སྲུང་སྐྱོང་བྱེད་པ། ཕྱོགས་མང་སྒྲིག་གཞི་སྒྱུར་བཅོས་ཀྱིས་ཕན་འབྲས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་པ། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྱུར་བཅོས་ལ་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་དངུལ་རྩའི་སྒྲོམ་གཞི་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བ་བཅས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། ལག་གདང་སྦྲེལ་ནས་བདེ་འཇགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) སྲོལ་རྒྱུན་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ཀྱི་འཇིགས་སྐུལ་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ། གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ལྡན་པའི་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་གི་སྒྲོམ་གཞི་མགྱོགས་མྱུར་ཆགས་པ་བཅས་བྱས་ནས། གསར་དར་ལག་རྩལ་གྱིས་ཐུན་མོང་དར་རྒྱས་ཀྱི་ལམ་བུར་འོད་ཟེར་འཕྲོ་བར་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། “འབོ་གསེར་ཆེན་པོས”བྱས་རྗེས་ཆེན་པོ་འཇོག་པ་དང་འཕེལ་རྒྱས་ཆེན་པོ་ཡོང་བ་བྱེད་པར་ངེས་པར་དུ་དངོས་སྒྲུབ་མཉམ་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། གསར་དར་ཁྲོམ་རའི་རྒྱབ་རྟེན་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་འབྲེལ་མཐུད་ཀྱི་ལེགས་ཆ་འདོན་སྤེལ་གྱིས་སྒོ་དབྱེ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱེད་པ་དང་། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོའི་ངང་ཤར་གཏོང་ཐུབ་པར་སྲུང་སྐྱོང་བྱེད་པ། གཞི་གཅིག་ཅན་གྱི་ཁྲོམ་ར་ཆེན་པོ་སྐྱེད་སྲིང་བྱེད་པ། གསར་གཏོད་སྐྱོང་གསོ་ཁུལ་གཏོད་པ། སྲོལ་རྒྱུན་ཐོན་ལས་རིམ་སྤོར་བྱེད་པ། གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བ། འབྱུང་འགྱུར་ཐོན་ལས་བཀོད་སྒྲིག་བཅས་བྱེད་དགོས། ཞི་ཅིན་ཕིང་གིས་འབོ་གསེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཐད་གྲོས་འགོ་ཁག་5བཏོན་གནང་བ་སྟེ།
གཅིག་ནི་མི་ཐབས་རིག་ནུས་ཀྱི་ཐོན་ཁུངས་གསར་འབྱེད་དང་ཀུན་ཕན་གྱི་གྲོས་འགོ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱི་མི་ཐབས་རིག་ནུས་ཐོན་ཁུངས་གསར་འབྱེད་ཆེད་ཁུལ་སྔོན་ལ་བསྐྲུན་ནས་སྐད་ཡིག་ཆེ་མོའི་དཔེ་དབྱིབས་གསར་སྤེལ་དང་བཀོལ་སྤྱོད་མཉམ་ལས་ལ་རྒྱབ་སྐྱོར་གྱིས། མི་ཐབས་རིག་ནུས་ཀྱི་ཆེད་དོན་ཞིབ་འཇུག་ཟབ་སྦྱོང་ཐད་སྦྱོང་བརྡར་བྱས་ནས་མི་ཐབས་རིག་ནུས་ཀྱི་སྒོ་དབྱེའི་སྐྱེ་ཁམས་གཏོད་རྒྱུ་དང་།
གཉིས་ནི་ཚོང་དོན་མ་འཇོག་སྟབས་བདེ་ཅན་དུ་འགྱུར་བའི་གྲོས་འགོ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱི་དམིགས་བསལ་དཔལ་འབྱོར་ཁུལ་གྱི་རོགས་ཟླའི་འབྲེལ་བ་བཙུགས་ཏེ་རིག་ནུས་འཇུག་སྒོ་འཛུགས་པ་དང་སྲིད་ཇུས་འབྲེལ་མཐུད་བྱས་ནས་སྒོ་དབྱེ་འཕེལ་རྒྱས་ཀྱི་མཐོ་ས་གསར་པ་གཏོད་པའི་གྲོས་འགོ་འདོན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སང་ལོར་འབོ་གསེར་རྒྱལ་ཁབ་ཀྱི་ཞབས་ཞུའི་ཚོང་དོན་གླེང་སྟེགས་གཉེར་ནས་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་འཕར་གཞི་སྐྱེད་སྲིང་བྱ་རྒྱུ།
གསུམ་ནི་གྲངས་འཛིན་ཐོན་ལས་ཀྱི་མཉམ་ལས་གྲོས་འགོ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱི་གྲངས་འཛིན་ཐོན་ལས་སྤྲིན་རྩིས་ལས་སྟེགས་འཛུགས་པར་སྐུལ་འདེད་བཏང་ནས་གྲངས་འཛིན་གྱི་རྩལ་ནུས་གསོ་སྦྱོང་དང་། ལག་རྩལ་སྤེལ་རེས། ཐོན་ལས་སྦྲེལ་མཐུད་བཅས་བྱས་ཏེ། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ།
བཞི་ནི་རིག་ནུས་བཟོ་སྐྲུན་མཉམ་ལས་ཀྱི་གྲོས་འགོ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་ལ་རིག་ནུས་བཟོ་གྲྭ་བསྐྲུན་རྒྱུར་གཞོགས་འདེགས་བྱས་ཏེ། ཚད་གཞི་དང་ཚད་ལྡན་མ་ལག་བཏོད་ནས་བཟོ་སྐྲུན་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད།
ལྔ་ནི་ཚན་རྩལ་ལ་བརྟེན་ནས་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་གྲོས་འགོ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱི་ལག་རྩལ་ཆེ་མོ་བ་གསོ་སྐྱོང་མནའ་འབྲེལ་བཙུགས་ནས། ལག་རྩལ་ཆེ་མོ་བའི་མཉམ་འབྲེལ་གསོ་སྐྱོང་དང་ནུས་པའི་ཚད་གཞི་ཕན་ཚུན་ཁས་ལེན་བྱེད་པའི་གྲོས་འགོ་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱི་གཞོན་ནུའི་ཚན་རྩལ་གསར་གཏོད་སྤེལ་རེས་འཆར་གཞི་ལག་བསྟར་བྱས་ནས་རྩེར་སོན་ཚན་རྩལ་གསར་གཏོད་ཀྱི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་པ་བཅས་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པ”ཡི་འགོ་ཚུགས་ལོ་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནི་ཀྲུང་གོ་རང་ངོས་ཀྱི་འཕེལ་རྒྱས་འཆར་འགོད་ཅིག་རེད་ལ། འཛམ་གླིང་ལ་ཕྱོགས་པའི་མཉམ་ལས་ཀྱི་གསལ་ཐོ་ཞིག་ཀྱང་རེད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་བྱེད་པ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་གོ་སྐབས་མཉམ་སྤྱོད་དང་དར་རྒྱས་མཉམ་གཏོད་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཐུན་སྒྲིལ་དང་རང་སྟོབས་རང་སྤེལ་གྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་དགོས།
ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཧྥུའུ་ས། དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཤིས་ཆི་དབྱང་། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལ་པོ་ཝོ། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པི། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨབ་ཀྲ་པེའི་རྒྱལ་རྒྱུད་འཛིན་མཁན་ཧ་ལི་ཏེ། པར་ཙིར་དང་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་། འབོ་གསེར་རོགས་ཟླའི་རྒྱལ་ཁབ། སྐུ་མགྲོན་རྒྱལ་ཁབ་བཅས་ཀྱི་འགོ་ཁྲིད་པའམ་ཡང་ན་འཐུས་མི་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་བཅས་ཚོགས་འདུར་བཞུགས་ཡོད། རྒྱ་གར་གྱི་ཙུང་ལི་མོ་ཏི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུ་མ་འཚོག་གོང་ཞི་ཅིན་ཕིང་གིས་ཚོགས་ཞུགས་འགོ་ཁྲིད་མི་སྣ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།
(བདེ་སྐྱིད་དང་ཚེ་ཁོས་སྒྱུར་ཞུས་བྱས)