《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年09月15日

ལོ་ངོ་སྟོང་གི་མཉམ་འདྲེས་ལས་བློ་སེམས་གཅིག་མཐུན་བཏོད། སྐྱེ་བོ་མང་པོ་ལག་གདང་སྦྲེལ་ནས་ལེའུ་གསར་པ་བརྩམས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། བོད་ཀྱི་ལས་དོན་ཐད་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དེ་འགོ་འཛུགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་བསྟན་ཞིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་ཡིན། གངས་ལྗོངས་ས་མཐོའི་ཡུལ་གྲུ་ཀུན་ཏུ་ལོ་ངོ་སྟོང་ཕྲག་རིང་ཁྱབ་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་བཟང་ཡོད་ལ་རྒྱ་ཆེའི་ཞིང་འབྲོག་ཁུལ་དུ་ཐོན་པའི་མི་སེམས་འགུལ་བའི་གཏམ་རྒྱུད་གསོན་ཉམས་དོད་པོའང་ཡོད། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་གྲུབ་པ་དང་དུས་རབས་ཀྱི་ལག་ལེན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་བསམ་བློའི་གཞི་རྩ་བརྟན་པོ་གཏོད་པར་འཚོ་བཅུད་ཕུན་སུམ་ཚོགས་པོ་མཁོ་འདོན་བྱས་ཡོད།

ལོ་རྒྱུས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ན། མི་རིགས་ཁག་གི་ཁྲག་རྒྱུན་འབྲེལ་བའི་ལོ་རྒྱུས་ཀྱི་དོན་དངོས་གསལ་པོར་ཤེས་ཐུབ་ཅིང་། ལོ་རྒྱུས་ལ་ཕྱི་མིག་བལྟས་ཚེ། འུན་ཤིང་ཀོང་ཇོ་བོད་དུ་ཕེབས་ཏེ་ཀྲུང་ཡོན་གྱི་སོ་ནམ་དང་། གསོ་རིག ལག་ཤེས་བཅས་ཀྱི་ལག་རྩལ་གངས་ལྗོངས་ཡུལ་གྲུར་བསྣམས་ནས་མི་རིགས་འཆམ་མཐུན་གྱི་ས་བོན་བཏབ་པ་དང་། ལང་ཇུའི་མཇལ་འདུམ་གྱིས་བོད་ས་གནས་ཀྲུང་དབྱང་སྲིད་གཞུང་གི་སྲིད་འཛིན་དོ་དམ་ཁོངས་གཏོགས་སུ་བཅུག་པའི་ལོ་རྒྱུས་ཀྱི་རྟགས་ཐམ་བརྐོས་པ། ཐང་བོད་གནའ་ལམ་དུ་ཕོ་ཉ་འགྲོ་འོང་བྱས་ནས་རྒྱ་བོད་འཆམ་མཐུན་གྱི་མཛའ་བརྩེ་དར་སྤེལ་བཏང་། ཇ་རྟའི་གནའ་ལམ་དུ་རྒྱུ་བའི་རྔ་མོང་གི་དྲིལ་སྒྲ་ལས་མི་རིགས་ཁག་གི་ཚོང་འགྲུལ་བརྒྱུད་ནས་ཐོན་རྫས་སྣ་ཁ་འཛོམས་པོ་དང་རིག་གནས་མཉམ་འདྲེས་བྱུང་བ་སོགས་ནི་ལོ་རྒྱུས་དེབ་ཐེར་གྱི་གཟི་འོད་འཚེར་བའི་ལེའུ་ཡིན་ལ། མི་རིགས་ཁག་གིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་ཐུན་མོང་གི་དྲན་ཤེས་ཀྱང་ཡིན་པས། བོད་ལྗོངས་ནི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། རང་ལྗོངས་ཀྱི་མི་རིགས་ཁག་ཚང་མ་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་ཁོངས་མི་གལ་ཆེན་ཡིན་པ་ར་སྤྲོད་གང་ལེགས་ཐུབ་པ་དང་། མི་རིགས་མཐུན་སྒྲིལ་ནི་སྔ་ས་ནས་མི་རིགས་ཁག་གི་མང་ཚོགས་མི་རབས་ནས་མི་རབས་བར་གྱི་ཐོན་སྐྱེད་དང་འཚོ་བའི་ནང་ཆུ་དང་འོ་མ་བཞིན་དུ་འདྲེས་ཡོད།

རིག་གནས་ཀྱི་མོས་སེམས་ཟབ་ཏུ་བཏང་ནས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱིས་མི་སེར་གྱི་སེམས་ཀྱི་ཞིང་ས་བརླན་ཞིང་། རང་ལྗོངས་ཀྱིས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཕན་ཚུན་ལྟ་སྐྱོང་གི་མཉམ་འདྲེས་ལོ་རྒྱུས་དེ་ལྷ་མོ་དང་། གླུ་གར། གཞས་མ་གཏམ་བཅས་སྒྲིག་བཟོ་བྱས་ནས་འཁྲབ་སྟོན་ཁྲོད་ནས་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་ཉིང་བཅུད་ཟབ་མོ་ཚོར་བར་བྱས་ཡོད། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། “ལོ་རྒྱུས་ལྔ” བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་སློབ་གསོ། བོད་གསར་རྙིང་བསྡུར་བའི་སློབ་གསོ་བཅས་རྒྱལ་དམངས་སློབ་གསོ་དང་སྤྱི་ཚོགས་སློབ་གསོའི་བརྒྱུད་རིམ་ཧྲིལ་པོའི་ནང་མཉམ་འདྲེས་བྱུང་ཡོད། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་གཡུལ་ས་དང་གཞི་རིམ་གྱི་སྒྲོག་འགྲེལ་དཔུང་ཁག་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཏན་ཏིག་བཏང་བ་དང་། ཞིང་འབྲོག་མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆར་བརྟེན་ནས་སློབ་གྲྭ་དང་། སྡེ་ཁུལ། ཞིང་ཁྱིམ་སྦྲ་གུར་བཅས་སུ་རིགས་པའི་གཞུང་ལུགས་ཁྱབ་པར་བྱས་ཡོད། ལོ་རྒྱུས་ཀྱི་འཕར་རྩ་རྟོགས་ན་གཞི་ནས་མེས་རྒྱལ་གྱི་ཁྱིམ་ཚང་ཆེན་པོའི་རྨང་གཞི་ཟབ་མོ་ཚོར་ཐུབ་པ་དང་། མང་ཚོགས་མི་ཉུང་བ་ཞིག་གིས་སྒྲོག་འགྲེལ་ཉན་རྗེས་ཤེས་རྟོགས་ཟབ་མོ་བྱུང་བ་དང་། “མོས་སེམས་ལྔ”རིམ་བཞིན་སེམས་ཀྱི་གཏིང་དུ་འཇགས་ཡོད།

མཐུན་སྒྲིལ་འབད་བརྩོན་མཐའ་འཁྱོངས་བྱས་ཏེ་དམངས་འཚོའི་བྱ་བ་དངོས་ལ་བརྟེན་ནས་གཅིག་མཐུན་ཚོགས་པའི་དངོས་པོའི་རྨང་གཞི་བརྟན་དུ་བཏང་ཞིང་། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་འོག་རང་ལྗོངས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་དམངས་འཚོའི་བྱ་བ་དངོས་ཁག་དོན་འཁྱོལ་བྱས་ཏེ་ཕན་འབྲས་ཐོན་ཡོད། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་སྤེལ་བརྟན་པོ་བཏང་སྟེ་གྲོང་གསེབ་ཀྱི་གཞུང་ལམ་ཐད་ཀར་ཁྱིམ་ཚང་གི་སྒོ་རྩར་བཏིང་བ་དང་། ཁྱད་ལྡན་འདེབས་གསོ་དང་གྲོང་གསེབ་ཡུལ་སྐོར་ལས་མང་ཚོགས་ལ་ཐག་ཉེ་ས་ནས་འབབ་འཕར་ཡོང་བར་རམ་འདེགས་བྱས་པ། གྲོང་གསེབ་ཀྱི་སློབ་གྲྭའི་ཁང་པ་གསར་རྐྱང་དུ་གྱུར་པ། གྲོང་ཚོའི་འཕྲོད་བསྟེན་ཁང་གིས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱས་པ། རྒན་གསོ་དང་སྤྱི་ཚོགས་འགན་བཅོལ་གྱིས་དམངས་འཚོ་འགན་ལེན་བརྟན་པོ་བཅས་བྱས་ཡོད། ཁྱིམ་མཚེས་ཕན་ཚུན་རོགས་རེས་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་དུ་ལག་རྩལ་སྦྱོང་བ་དང་ཐོན་སྐྱེད་ལ་བྲེལ་བ། ཉིན་མཚན་མེད་པར་འགྲོགས་འདྲིས་ཁྲོད་མཉམ་སྡོད་མཉམ་སྦྱོང་དང་མཉམ་ལས་མཉམ་བརྩོན་བཅས་བྱེད་ཀྱི་ཡོད། མི་རིགས་ཁག་གི་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ནས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་དངོས་སུ་ཚོར་བ་མ་ཟད། གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པའི་བྱ་སྤྱོད་ཀྱི་རང་རྟོགས་སུའང་བསྒྱུར་ཡོད།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་ནི་སྙིང་རུས་གཏན་འཁྱོངས་དང་གྲགས་མེད་ལས་སྒྲུབ་ལ་རག་ལས་ཤིང་། ང་ཚོས་ལོ་རྒྱུས་ཀྱི་གཏམ་རྒྱུད་ཟབ་མོ་ཡག་པོ་བརྗོད་དགོས་པ་མ་ཟད། ཉེ་འགྲམ་གྱི་མིག་མཐོང་ལག་ཟིན་གྱི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཐུང་ངུ་དེ་བས་ཀྱང་གསལ་པོར་བརྗོད་ནས་མི་རིགས་ཁག་གི་མང་ཚོགས་ལ་སྐྱིད་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་འཁུར། འཆི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་མཚར་སྡུག་མེ་ཏོག་གངས་ལྗོངས་ས་མཐོར་རྣམ་པར་བཞད་དུ་བཅུག་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)