“གང་ལྟར་དོན་དག་ཁག་གཅིག་སྒྲུབ་མཁན་དགོས་ལ། ས་ཆ་ཁག་གཅིག་སྲུང་མཁན་ཡང་དགོས”ཞེས་ཇོ་མོ་གླང་མའི་འདབས་སུ་ཡོད་པའི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་སྒང་དཀར་གྲོང་རྡལ་ཆ་ཚང་སློབ་ཆུང་གི་སློབ་སྤྱི་གཞོན་པ་མིག་དམར་ཚེ་རིང་གི་བབ་ཆགས་པའི་སྐད་ཆ་དེ་ལས་ཁོང་གིས་མི་ལོ་24བློ་གཅིག་སེམས་གཅིག་གིས་སློབ་གསོའི་ལས་ལ་གཞོལ་བ་གང་ལེགས་མཚོན་གྱི་ཡོད།
2002ལོའི་ཟླ་7པར། ལོ་18ལ་སླེབས་པའི་མིག་དམར་ཚེ་རིང་གིས་གྲོང་ཁྱེར་གྱི་བདེ་སྐྱིད་ལྡན་པའི་འཚོ་བ་རྒྱབ་ཏུ་སྐྱུར་ནས་བློ་ཐག་ཆོད་པོས་སླར་ཡང་ཕ་ཡུལ་ས་མཐོར་ལོག་པའི་ལམ་ལ་ཆས།
སློབ་གྲྭར་སླེབས་མ་ཐག་པའི་སྐབས་སུ་མིག་དམར་ཚེ་རིང་གིས་ལོ་རིམ་གསུམ་པ་ནས་དྲུག་པའི་བར་གྱི་དབྱིན་ཡིག་དགེ་རྒན་བྱེད་ཞོར་སློབ་ཐོན་འཛིན་གྲྭའི་རྒྱ་ཡིག་དགེ་རྒན་ཡང་བྱས། “ཉིན་ལྟར་སློབ་ཚན་མང་པོ་ཁྲིད་རྒྱུ་ཡོད། གཟའ་འཁོར་རེར་སློབ་ཚན་གཉིས་རེ་ངལ་གསོ་རྒྱག་རྒྱུ་བྱུང་ན་ལྷ་རབ་རེད། རྒྱུགས་ཤོག་ཚང་མ་སྔོན་ལ་སྣུམ་ཤོག་སྟེང་སྐམ་སྨྱུག་གིས་འབྲི་བ་དང་དེ་ནས་པར་རྒྱག་དགོས”ཞེས་བཤད་པ་དང་། ཁོང་གིས“ཐོག་མར་དཀའ་ལས་ཁག་ཙམ་ཡོང་གི་རེད་བསམས་བྱུང་། འོན་ཀྱང་དཀའ་ལས་འདི་འདྲ་ཡོང་གི་རེད་བསམ་བསམ་མ་བྱུང”ཞེས་བཤད།
སློབ་གྲྭ་བཙུགས་མ་ཐག་སློབ་གྲྭའི་གཏན་འཇགས་རྒྱུ་ནོར་ཁྱོན་བསྡོམས་སྒོར་150ཡང་ཟིན་གྱི་མེད། ད་ཆ་སློབ་ཁྲིད་ཐོག་ཁང་དང་། ཉལ་ཁང་། ཟ་ཁང་སོགས་སྒྲིག་བཀོད་ཆ་ཚང་བ་དང་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་སྟོང་ཟིན་པ་མ་ཟད། ད་དུང་ཞོར་དུ་བུ་བཅོལ་ཁང་5བཙུགས་ཡོད། མིག་དམར་ཚེ་རིང་ནི་དེའི་ནང་ཞུགས་མཁན་རེད་ལ་དཔང་པོ་བྱེད་མཁན་ཡང་རེད།
དེས་མ་ཚད་ཁོང་གིས་སྔར་ནས་ད་བར་སློབ་མ་རྣམས་རང་ཉིད་ཀྱི་ཕྲུ་གུར་བརྩི་གི་ཡོད་ཅིང་། སློབ་དུས་མི་རེ་ངོ་རེར་ཁོང་གིས་ཕྲུ་གུ་ཚོར་རྒྱུན་མཁོའི་སྨན་ཉོས་པར་བརྟེན་སྨན་བཅོས་འགན་བཅོལ་གཱ་སྟོང་རྐྱང་ཆགས་ཀྱི་ཡོད་པ་མ་ཟད། ད་དུང་རང་འགུལ་ངང་མྱུར་སྐྱོབ་ཤེས་བྱ་སྦྱངས་པ་གོ་ཆོད་ཡོང་བར་བྱེད་ཀྱི་ཡོད། ཁོང་གིས་ད་དུང་འཚོ་བར་དཀའ་ངལ་ཡོད་པའི་ཕྲུ་གུ་ཁག་གཅིག་ལ་རོགས་དངུལ་སྤྲད་ཅིང་། ན་ནིང་ཕྲུ་གུ་གཅིག་ལ་རོགས་དངུལ་སྒོར་ཁྲི་1ལྷག་ཙམ་སྤྲད་པ་དང་ད་ལོ་སླར་ཡང་སྒོར་ཁྲི་1ལྷག་ཙམ་རོགས་རམ་བྱས་པ་རེད། ཁོང་གིས་རང་ཉིད་ཀྱི་བྱེད་སྟངས་དེས་ཕྲུ་གུ་གཅིག་དང་ཐ་ན་མི་རབས་རྗེས་མའི་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། “དཀའ་ལས་ཇི་ཙམ་རྒྱག་དགོས་ཀྱང་བཞེད་སྣང་སྐྱེ་ཡི་མི་འདུག འོན་ཀྱང་ཕྲུ་གུའི་མིག་ནང་རེ་བའི་འོད་སྣང་མེད་ན་དཀའ་ལས་ཇི་ལྟར་བརྒྱབ་རུང་སྟོང་པ་རེད”ཅེས་མིག་དམར་ཚེ་རིང་གིས་བཤད།
སློབ་སྤྱི་གཞོན་པའི་འགན་འཁུར་བཞིན་ཡོད་མོད། འོན་ཀྱང་མིག་དམར་ཚེ་རིང་གིས་སྔར་བཞིན་སློབ་ཚན་འཁྲིད་མཚམས་འཇོག་མྱོང་མེད། སློབ་ཁྲིད་བྱེད་ཐབས་ལ་མཚོན་ན། ཁོང་ལ་རང་ཉིད་ཀྱི་ལྟ་ཚུལ་ཡོད་ཅིང་། རྒྱུན་དུ་ཕྲུ་གུ་ཚོར“ཀློག་དེབ་ནང་གི་ཤེས་བྱ་ཁོ་ནས་མི་འགྲིག གང་ལྟར་མཐའ་མཇུག་སྤྱི་ཚོགས་སུ་གོམ་པ་སྤོ་དགོས་པས་གང་ས་ཅི་ཐད་ནས་སྦྱོང་དགོས”ཞེས་ཤོད་ཀྱི་ཡོད། ཁོང་གིས་ལོ་རིམ་དམའ་བའི་སློབ་མར《ཀུན་སྤྱོད་དང་ཁྲིམས་སྐྱོང》སློབ་ཁྲིད་བྱེད་སྐབས། སྐར་མ་20ཀློག་དེབ་ནང་གི་ཤེས་བྱ་སློབ་པ་དང་། སྐར་མ་20གསར་བརྗེའི་གླུ་གཞས་བསླབས་ནས་ཕྲུ་གུ་ཚོའི་རྒྱལ་གཅེས་བརྩེ་སེམས་ཟབ་ཏུ་གཏོང་གི་ཡོད།
རྫོང་རིམ་པའི་རྐང་འཛིན་དགེ་རྒན་དང་། གྲོང་ཁྱེར་རིམ་པའི་རིག་ཚན་སྣེ་ཁྲིད་པ། རང་སྐྱོང་ལྗོངས་ཀྱི་ཁག་གཉིས་པའི་སློབ་ཁྲིད་འཇོན་ཐང་ཅན་བཅས་ཡིན་པའི་མིག་དམར་ཚེ་རིང་གིས་རྟག་ཏུ་ན་གཞོན་དགེ་རྒན་ཚོར་རང་ཉིད་ཀྱི་སློབ་ཁྲིད་ཉམས་མྱོང་སེར་སྣ་སྤུ་ཙམ་ཡང་མེད་པར་མཉམ་སྤྱོད་བྱེད་ཀྱི་ཡོད་ཅིང་། ཁོང་གིས“དིང་རི་རྫོང་གི་སློབ་ཆུང་21དང་། སློབ་འབྲིང་2 བུ་བཅོལ་ཁང་83བཅས་ཚང་མར་བརྟག་ཞིབ་ལ་འགྲོ་མྱོང་ཡོད། དེར་བརྟེན་ང་ལ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས་ན་གཞོན་དགེ་རྒན་དེ་བས་མང་བར་རོགས་རམ་བྱེད་ཐུབ”ཅེས་བཤད།
ལོ་24ཡི་རིང་། མིག་དམར་ཚེ་རིང་གིས་འཛིན་གྲྭའི་ཀྲུའུ་རེན་ནས་སློབ་དོན་ཀྲུའུ་རེན་བར་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་ནས་ཀུན་སྤྱོད་སློབ་གསོ་ཁང་གི་འགན་འཁུར་བའི་བར། དགེ་རྒན་དཀྱུས་མ་ཞིག་ནས་སློབ་སྤྱི་གཞོན་པའི་བར་བཅས་ལས་གནས་མི་འདྲ་བའི་འགན་འཁུར་མྱོང་ཡོད། དུས་ཡུན་རིང་པོ་ས་བབ་མཐོ་བའི་ས་ཁུལ་དུ་ལས་ཀ་བྱས་པའི་རྐྱེན་གྱིས་ད་གཟོད་ཁོང་ལ་སྙིང་ནད་ཚབས་ཆེན་ཕོག་ནས་ཉིན་ལྟར་དགོང་མོ་གསོ་རླུང་བརྔུབས་ནས་གཉིད་ཁུག་ཐབས་བྱེད་དགོས་ཀྱི་ཡོད། མ་གཞི་ཁོང་ས་ཆ་གཞན་ལ་ལས་ཀར་འགྲོ་བའི་གོ་སྐབས་ཐེངས་མང་རག་ནའང་། ཁོང་གིས་ཁས་གཏན་ནས་བླངས་མེད་ཅིང་། ཁོང་གིས“གཞི་རིམ་ལ་ང་དགོས་མཁོ་ཡོད་པ་ཞིག་མིན་པར་ང་ལ་གཞི་རིམ་དགོས་མཁོ་འདུག”ཅེས་བརྩེ་བ་ཟབ་མོས་བཤད།
(སྐལ་མཆོག་གིས་བསྒྱུར། པ་ཚེས་ཞུས)