སྔོན་ཆད་ཀྱི་རུ་ཐོག་རྫོང་རྡོ་དམར་ཤང་གི་དབུས་བྱང་གྲོང་ཚོར་མཚོན་ན། ཁང་པ་ཐར་ཐོར་གནས་པ་དང་། ཐོན་ལས་ཉམས་ཞན་རྗེས་ལུས། གཙང་འགྲམ་སྐྱ་ཐེར་ཐེར་བཅས་ཡིན་པ་རེད། ད་ལྟའི་དུས་སུ་ཡུལ་མིའི་བོད་བཟོའི་ཐོག་སོ་ཉིས་ལྡན་གྱི་ཁང་པ་གྲལ་སྟར་འགྲིག་པ་དང་། གྲོང་ཚོའི་ཨར་འདམ་ལམ་མཚོ་འགྲམ་བར་བསྲིངས་ཡོད། ཡུལ་མི་ཚོ་ཡང་སྔོན་མ་བཞིན་གནམ་ཆུར་བསྒུགས་ནས་འཚོ་བ་སྐྱེལ་གྱི་མེད་པར་ཉིན་རེ་བཞིན་དར་རྒྱས་འགྲོ་བའི་ཐོན་ལས་ལ་བརྟེན་ནས་འཚོ་བ་སྔར་བས་ཡར་རྒྱས་སུ་འགྲོ་བཞིན་ཡོད། མཚོ་འགྲམ་དུ་བཏབ་པའི་མཚོ་མོ་ངང་ལྷའི་རྒྱ་ལྕང་དེ་ཡང་འབབ་འཕར་ཡོང་བའི“དཔག་བསམ་ལྗོན་ཤིང”དུ་གྱུར་པ་དང་རླུང་བུ་ལྡང་ཡང་ད་ཆ་བྱེ་རྡུལ་འཚུབ་ཀྱི་མེད། མཐའ་མཚམས་ཀྱི་དམག་བཀུར་གྲོང་ཚོ་དང་པོ་དེ་ཉིད་མཐའ་སྲུང་ནས་མཐའ་དར་གྱི་ཕྱོགས་སུ་འཕེལ་རྒྱས་བརྟན་པོའི་ངང་འགྲོ་བཞིན་ཡོད།
མིའི་འཚོ་སྡོད་ཁོར་ཡུག
“གཞིས་ཆགས་པ”ནས“གཞིས་ཡག་པོ་ཆགས་པའི”བར།
སེང་གེ་ཁ་འབབ་གྲོང་རྡལ་ནས་ནུབ་ཏུ་ཕྱོགས་ཏེ་ཐད་ཀར་མཚོ་མོ་ངང་ལྷ་རིང་མོའི་ངོགས་སུ་བསྐྱོད་རྗེས་དང་། མཚོ་འགྲམ་བརྒྱུད་ནས་མཐའ་མཚམས་ལམ་ཐིག་ཏུ་བསྐྱོད་ཚེ་དབུས་བྱང་གྲོང་ཚོ་མཐོང་ཐུབ། བོད་བཟོའི་ཐོག་སོ་ཉིས་ལྡན་གྱི་ཡུལ་མིའི་ཁང་པ་གྲལ་སྟར་རེ་རེ་ནི་ཁྲ་ཆིལ་ཆིལ་གྱི་མུ་ཏིག་བཀྲམ་པ་དང་འདྲ་བར་མཐའ་ཡས་པའི་རྩྭ་ཐང་མཛེས་པར་བརྒྱན་འདུག
འོན་ཀྱང་ལོ་གཉིས་ཀྱི་གོང་། ཡུལ་ལུང་དེ་ནི་དེ་འདྲ་ཞིག་གཏན་ནས་མིན་ཏེ། གནམ་དྭངས་དུས་ཀྱང་ལུས་པོར་ས་རྡུལ་གྱིས་ཚོས་པ་དང་ཆར་པ་འབབ་དུས་རྐང་པར་འདམ་རྫབ་ཀྱིས་སྦགས་ཀྱི་ཡོད་པ་རེད།
འགྱུར་ལྡོག་ནི་2023ལོ་ནས་འབྱུང་འགོ་ཚུགས། ལོ་དེར། རྒྱལ་ཁབ་རྡོ་ཐ་ཆེད་འཚོང་ཅུས་ཀྱི་བོད་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར་འོག མངའ་རིས་ས་ཁུལ་རྡོ་ཐ་ཆེད་འཚོང་ཅུས(ཀུང་སི)ཀྱིས་མཐའ་མཚམས་གྲོང་ཚོ་འཛུགས་སྐྲུན་གྱི་མ་དངུལ་སྒོར་ཁྲི་4000དོན་འཁྱོལ་བྱེད་རོགས་ཧུར་ཐག་བྱས་ཤིང་། རྡོ་ཐ་ལས་རིགས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”ཁ་གཏད་རོགས་སྐྲུན་གྲོང་ཚོ་དང་བོད་རང་སྐྱོང་ལྗོངས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཚོ་ཡིན་པའི་དབུས་བྱང་གྲོང་ཚོས་སྔར་བྱུང་མ་མྱོང་བའི་གོ་སྐབས་ཤིག་བསུས་པ་རེད།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
མིའི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་ནི་དབུས་བྱང་གྲོང་ཚོ་འགྱུར་ལྡོག་འགྲོ་བའི་གོམ་པ་དང་པོ་རེད། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་1500ལྷག་ཙམ་ཡོད་པའི་དུད་ཁྱིམ་23གྱི་ཁང་པ་ཉམས་བཟོ་སྒྱུར་བཀོད་བྱས་པ་དང་། སྨི་ངོས་གྲུ་300ཙམ་ལ་ར་བ་སྐོར་བ་དང་རྒྱལ་སྒོ་23གསར་དུ་བསྐྲུན་པ། ཨར་འདམ་ལམ་དང་ཉི་ནུས་ལམ་སྒྲོན་སོགས་རྨང་གཞིའི་སྒྲིག་བཀོད་གང་དགོས་ཚང་མ་ཡོད་པ་རེད། གྲོང་ཚོའི་ལམ་ཁོད་སྙོམས་པའི་ཨར་འདམ་ལམ་དུ་གྱུར་ཅིང་། མཚན་མོ་ལམ་སྒྲོན་སྤར་ཚེ་གྲོང་ཚོ་ཡོངས་གསལ་ལམ་མེར་མཐོང་ཐུབ།
ཐོན་ལས་འཛུགས་སྐྲུན།
གནམ་ཆུ་བསྒུགས་ནས་ཕྱུགས་འཚོ་བ་ནས་ཐོན་ལས་ལ་བརྟེན་ནས་གྲོང་ཚོ་དར་རྒྱས་གཏོང་བའི་བར།
ཐོན་ལས་དར་སྤེལ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་གཏིང་ཤུགས་ཡིན།
དབུས་བྱང་གྲོང་ཚོའི་གཏིང་ཤུགས་ནི་རུ་ཐོག་གི་ཁུལ་ལྡན་ར་དཀར་པོའི་སྟེང་ན་ཡོད། ཁུལ་ལྡན་ར་དཀར་པོའི་ཁུ་ལུ་ཞིབ་ཚད་ཝེ་སྨི་14ཟིན་གྱི་ཡོད་པ་དང་དེ་ནི་འཁལ་འཐག་ལས་རིགས་ཀྱི“གསེར་མཉེན་པོ”ཞེས་བརྗོད་སྲོལ་ཡོད་པས། ཉོ་སྒྲུབ་རིན་གོང་སྤྱི་རྒྱ་རེར་སྒོར་300ཡན་ཟིན་གྱི་ཡོད།
ཁུལ་ལྡན་ར་དཀར་པོའི་ཁུ་ལུ་ཐོན་སྐྱེད་དང་ཕྱིར་འཚོང་གི་འཁོར་འབྲེལ་ཧྲིལ་པོ་སྔར་བས་འཐུས་སྒོ་ཚང་དུ་གཏོང་ཆེད། ས་མཐོའི་ཁུལ་ལྡན་ར་དཀར་པོའི་ཁུ་ལུ་དེ་འབྲོག་པའི་ཡོང་འབབ་འཕར་བའི་དམངས་འཚོའི་ཕན་བདེ་རུ་བསྒྱུར་ཡོད། རྣམ་གྲངས་དེའི་ནང་ཕྱུགས་ཟོག་གི་ལྷས་ར་སྨི་ངོས་གྲུ་3000ལྷག་ཙམ་དང་། ར་སྒོར་སྨི་795 ལེ་ལག་ཚང་བའི་ཕྱུགས་རྫིའི་སྡོད་ཁང་20དང་། གཟན་ཆག་གཞོང་པ་40 ཕྱུགས་ཕྲུག་གི་དྲོད་སྲུང་སྒམ་200བཅས་གསར་དུ་བསྐྲུན་ཡོད། ཚད་ལྡན་ཅན་གྱི་ལྷས་ར་བསྐྲུན་པས་འབྲོག་པ་ཚོས་དེང་རབས་ཅན་གྱི་འབྲོག་ལས་ཀྱི་རྣམ་པ་མཐོང་ཐུབ་པ་བྱུང་ཡོད། ནུས་མང་འབྲོག་པའི་ཁང་པ་ཆ་ཚང་25དང་། ཕྱུགས་ཟོག་གི་དྲོད་ཁང་ཆ་ཚང་25 ར་སྐོར་སྒྲོམ་པང་ཆ་ཚང་25བཅས་ཀྱིས་ཕྱུགས་ཟོག་དགུན་སྒྲོལ་ཐུབ་པ་དང་ཕྱུགས་ཕྲུག་གསོན་ཚད་ཆེས་ཆེར་འཕར་ཡོད།
གཏིང་ཤུགས་ནི་ད་དུང་ཉིན་རེ་བཞིན་དར་རྒྱས་འགྲོ་བཞིན་པའི་ཚོང་ལས་ཁྱབ་ཁོངས་སུའང་ཡོད་ཅིང་། རྣམ་གྲངས་དེས་དམངས་ཕན་ཕྱིར་འཚོང་ཞབས་ཞུའི་ས་ཚིགས་སྨི་ངོས་གྲུ་1276.44དང་ཞིང་འབྲོག་ཐོན་རྫས་ཕྱིར་འཚོང་ཞབས་ཞུའི་ས་ཚིགས་སྨི་ངོས་གྲུ་700.34གསར་དུ་བསྐྲུན་པ་མ་ཟད། གྲོང་ཚོའི་ནང་ཇ་ཁང་དང་། ཁྲུས་ཁང་། སྒོ་རྩིས་ཚོང་ཁང་བཅས་ཀྱང་བཙུགས་ཡོད།
མཐའ་སྲུང་མཐའ་དར།
“ཁྱིམ་ཚང་རེ་རེ”ནས་དམངས་ཡོངས་མཉམ་སྐྲུན་བར།
“ཕྱུགས་འཚོ་བ་ནི་སྐོར་གཡེང་བྱེད་པ་དང་། ཞིང་ཁ་འདེབས་པ་ནི་སོ་ལྟ་བྱེད་པ་ཡིན”ཞེས་པའི་བབ་ཆགས་པའི་སྐད་ཆ་དེའི་ནང་དབུས་བྱང་གྲོང་ཚོའི་ཡུལ་མིའི་དམིགས་བསལ་གྱི་འགན་འཁྲི་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་དད་སེམས་མཚོན་ཡོད།
སྔོན་ཆད་མཐའ་སྲུང་ནི་ཁ་ཐོར་དང་ཁྱིམ་ཚང་ཚན་པར་བྱས་པའི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཡིན་པ་དང་། ད་ཆ་རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་རོགས་སྐྲུན་མ་དངུལ་གྱི་མཐུན་རྐྱེན་བསྐྲུན་པ་བརྒྱུད། མཐའ་སྲུང་ལ་དེ་བས་སྲ་ཞིང་བརྟན་པའི་ཐོན་ལས་ཀྱི་འདེགས་སྐྱོར་དང་ལམ་ལུགས་ཀྱི་འགན་ལེན་བྱུང་བ་མ་ཟད། མཐའ་དར་དེའང“ཁྱིམ་ཚང་ཚང་མའི”རང་འགུལ་བྱ་སྤྱོད་ནས་དམངས་ཡོངས་ཞུགས་པ་དང་མཉམ་སྐྲུན་མཉམ་སྤྱོད་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དུ་གྱུར་ཡོད།
རོགས་སྐྲུན་རྣམ་གྲངས་དོན་འཁྱོལ་བྱེད་འགོ་ཚུགས་པ་པ་ནས་བཟུང་། དབུས་བྱང་གྲོང་ཚོས་དམངས་ཡོངས་ཀྱི་མཉམ་སྐྲུན་འདུ་ཤེས་འགོ་ནས་མཇུག་བར་ཁྱབ་པར་བྱས་ཡོད། རྣམ་གྲངས་དེས་ས་གནས་དེ་གའི་མང་ཚོགས་ཨར་པོ་རྒྱུག་པ་དང་། འཕྲུལ་ཆས་གཏོང་བ། ཨར་ལས་རྒྱུ་ཆ་མཁོ་འདོན། ས་ཆ་བོགས་གཏོང་སོགས་ནང་ཞུགས་སུ་བཅུག་ནས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ཡོད། གྲོང་ཚོའི་ཏང་ཀྲི་པུའུ་ཡིས་སྤྱི་འདོམས་དང་། ཏང་ཡོན་གྱིས་སྣེ་ཁྲིད་དཔེ་སྟོན། མང་ཚོགས་རྒྱ་ཁྱབ་ངང་ཞུགས་པ་བཅས་བྱས་པས། ལས་ཡུལ་གྱི་ལས་གནས་རེ་རེ་དང་། འཕྲུལ་ཆས་རེ་རེ། དཔྱད་ཡིག་རེ་རེ་བཅས་ཚང་མ་གྲོང་མི་ཕ་ཡུལ་འཛུགས་སྐྲུན་ནང་ཞུགས་པ་དང་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱེད་པའི་ཞིབ་ཕྲའི་གཞི་རྟེན་དུ་གྱུར་ཡོད།
མི་གཅིག་གིས་མཐའ་མཚམས་སྲུང་བ་ནས་གྲོང་ཚོ་ཡོངས་ཀྱི་མི་ཚང་མས་མཐའ་མཚམས་དར་རྒྱས་གཏོང་བའི་བར་དང་། ཁྱིམ་ཚང་རེ་རེའི་ཕྱུགས་འཚོ་ས་ནས་དམངས་ཡོངས་ཀྱིས་མཉམ་དུ་བསྐྲུན་པའི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བར་། དབུས་བྱང་གྲོང་ཚོར་མངའ་རིས་ས་ཁུལ་གྱི་དམག་བཀུར་དམངས་གཅེས་ཀྱི་གྲོང་ཚོ་དང་པོ་དང་། རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ། རྒྱལ་ཁབ་ནགས་ཚལ་གྲོང་གསེབ། མངའ་རིས་ས་ཁུལ་གྱི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་སོགས་ཀྱི་མཚན་སྙན་སྔ་རྗེས་སུ་ཐོབ་ཡོད།
(གནམ་ཕྱུག་རྒྱལ་དང་རིག་རྡོར་གྱིས་བསྒྱུར། བདེ་དབང་དང་གནམ་ཕྱུག་རྒྱལ་གྱིས་ཞུས།)