འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་སྲིད་གཞུང་གིས་ཀྲུང་གོ་པའོ་ཝུའུ་དང་། ཀྲུང་གོ་ཀྲུང་ཁྲེ། ཀྲུང་གོ་ཟོག་འགྲུལ་བཅས་དང་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་ཅིང་། གྲོས་མཐུན་གཞིར་བཟུང་ཀྲུང་དབྱང་ཁེ་ལས་དང་ས་གནས་གཞུང་ཁོངས་ཁེ་ལས་ཀྱིས་བོད་ཀྱི་ལས་གྲྭ་གལ་ཆེན་གྱི་དངོས་རྫས་མཁོ་སྤྲོད་འགན་ལེན་དང་། ནུས་རྒྱུ་གཙང་མ་གསར་སྤེལ། དེང་རབས་འཁོར་རྒྱུག་མ་ལག་འཛུགས་སྐྲུན། ཚན་རྩལ་གསར་གཏོད། གྲངས་རིག་ཅན་ཕྱོགས་སྒྱུར། ཐོན་ལས་དངུལ་རྩ། ཤེས་ལྡན་པ་གསོ་སྐྱོང་དང་སྤེལ་རེས་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་དངོས་སྒྲུབ་མཉམ་ལས་གཏིང་ཟབ་བྱས་ཏེ། བོད་ཀྱི་དེང་རབས་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་རྒྱུ་དང་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ནུས་གསར་པ་སྣོན་རྒྱུ་ཡིན་པ་རེད།
མཉམ་ལས་ཀྱི་གྲོས་མཐུན་འཇོག་པར་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། རང་འགུལ་ངང་སྔོན་ཚུད་ནས་སྦྲེལ་མཐུད་བྱེད་པ་དང་། ཀྲུང་དབྱང་དང་ས་གནས་མཉམ་ལས་ཀྱི“འབྲེལ་གཏུག་པ་དང་། མཐུན་སྦྱོར་པ། ཞབས་ཞུ་བ”བཅས་ཀྱི་ནུས་པ་གང་ལེགས་འདོན་པ། ཀྲུང་དབྱང་གི་ཁེ་ལས་གསུམ་དང་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་ལམ་སྲོལ་འཛུགས་པ། ཁེ་ལས་ཀྱི་གཙོ་འགན་གཙོ་ལས་དང་བོད་ཀྱི་འཐབ་ཇུས་བཀོད་པར་དམ་པོར་དམིགས་པ། བོད་ཀྱི་སྲིད་ཇུས་དང་། ཁུལ་གནས། ཐོན་ཁུངས་བཅས་ཀྱི་ལེགས་ཆ་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་པ། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འབྲེལ་ཡོད་གྲོང་ཁྱེར། ས་ཁུལ་བཅས་དང་མཐུན་སྦྱོར་ཧུར་ཐག་བཅས་བྱས་ནས་མཉམ་ལས་སྦྲེལ་མཐུད་ཀྱི་འགག་ས་གཤོང་བ་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་དཀའ་གནད་བསལ་ཡོད། དངོས་སྒྲུབ་གྲོས་མོལ་གཏིང་ཟབ་ཐེངས་མང་བྱས་པ་བརྒྱུད། ཕྱོགས་ཁག་གིས་མཉམ་ལས་དོན་ཚན་སྔར་བས་ཞིབ་ཚགས་སུ་གཏོང་བ་དང་མཉམ་ལས་སྒྲོམ་གཞི་འཐུས་སྒོ་ཚང་དུ་བཏང་སྟེ་མཐར་འཐབ་ཇུས་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གྲུབ་ཡོད་པ་རེད།
གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྣམ་གྲངས་ཀྱི་རྩིས་ཁྲ་དང་ལས་འགན་གསལ་ཐོ་འཛུགས་པ་དང་། རྗེས་སྙེག་བཀོད་གཏོང་དང་། སྤྱི་འདོམས་མཐུན་སྦྱོར། ཞབས་ཞུ་འགན་སྲུང་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་བཅས་བྱས་ཏེ། སྤུས་ལེགས་ཐོན་ལས་རྣམ་གྲངས་སྔར་བས་མང་བ་བོད་དུ་དོན་འཁྱོལ་དང་ཡུན་རིང་རྩ་བ་ཚུགས་རྒྱུར་སྐུལ་འདེད་བཏང་ནས། དེང་རབས་ཐོན་ལས་མ་ལག་མགྱོགས་མྱུར་འཛུགས་པ་དང་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་པ་རེད།
(མཚམས་གཅོད་ཀྱིས་བསྒྱུར། བསྟན་འཛིན་གྱིས་ཞུས)