《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年08月01日

མིག་སྔའི་དཔལ་འབྱོར་དུས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་སྐོར་ལ།

ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཞི་ཅིན་ཕིང་གིས་གཙོ་སྐྱོང་དང་གསུང་བཤད་གལ་ཆེན་གནང་བ། ལི་ཆང་གིས་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་གནང་བ། ཝང་ཧུའུ་ཉིང་དང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་ཞུགས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་24ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ནས། མིག་སྔའི་དཔལ་འབྱོར་དུས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཐད་དམངས་གཙོ་ཏང་ཤོག་ཁག་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གལ་ཆེན་གནང་ནས་ནན་བཤད་གནང་བ་སྟེ། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གང་མགྱོགས་འཛུགས་པ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་སྔར་བས་གང་ལེགས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། སྒྱུར་བཅོས་སྒོ་དབྱེ་ཟབ་གཏོང་མཐའ་འཁྱོངས་བྱེད་པ། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་མགྱོགས་སུ་གཏོང་བ། དེ་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་ལྷུག་ལྷོད་འཚམ་པའི་དངུལ་ལོར་སྲིད་ཇུས་ལག་ལེན་ཡག་པོ་བསྟར་བ། གསོག་འབོར་སྲིད་ཇུས་ཁག་གི་ནུས་ཕྱོད་གང་ལེགས་འདོན་པ། དངོས་གཉེར་གོ་ཆོད་ཀྱི་འཕར་འབོར་སྲིད་ཇུས་དུས་ཐོག་ཏུ་འཆར་འགོད། དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ནང་མཁོ་རྒྱ་སྐྱེད་དང་མཁོ་སྤྲོད་ལེགས་གཏོང་ལ་ཤུགས་སྣོན་རྒྱག་པ། དམངས་འཚོར་འགན་སྲུང་དང་ལེགས་སུ་ཏན་ཏིག་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་དང་སྤྱི་ཚོགས་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་གསར་ཞིང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་ཧུར་ཐག་འཛུགས་དགོས།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་གི་མངགས་བཅོལ་ལྟར། ལི་ཆང་གིས་ལོ་སྟོད་ཀྱི་དཔལ་འབྱོར་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་མ་ཟད། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་སྐོར་གྱི་འབྲེལ་ཡོད་བསམ་ཕྱོགས་ཀྱང་ངོ་སྤྲོད་གནང་བ་རེད།

བཞུགས་མོལ་ཚོགས་འདུར་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེང་ཅན་པང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུང་། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་ཝེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙུའོ་ཅུན། དགུ་གསུམ་ཤེས་རིག་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཧྲའོ་ཧྥུང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་ཞིང་། ཁོང་རྣམ་པས་ཀྲུང་གུང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་དུས་བབ་ལ་གནང་བའི་དབྱེ་ཞིབ་བརྡར་གཅོད་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་གྱི་བསམ་ཕྱོགས་ལ་རྦད་དེ་མོས་མཐུན་གནང་བ་མ་ཟད། སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། གསར་གཏོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིག་ནུས་དཔལ་འབྱོར་ཐོན་ལས་ཀྱི་ཉེར་སྤྱོད་ཚད་གཞིའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་འཛུགས་སྐྱོང་གི་མཉམ་ཤུགས་སྤྱི་འདོམས་ངང་འདོན་པ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་བརྟན་པོ་ཡོང་བར་བྱེད་པ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། འཛད་སྤྱོད་རྒྱ་ཆེར་གཏོང་བའི་འཆར་འགོད་དོན་འཁྱོལ་གནད་སྨིན་བྱེད་པ། གོ་ཆོད་མ་འཇོག་སྔར་བས་རྒྱ་ཆེར་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་རྒྱུན་མཐུད་སྐུལ་འདེད་གཏོང་བ། དུས་འཁོར་ལས་ལྡོག་པའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ལ་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།

ཚང་མའི་གཏམ་བཤད་ནན་ཏན་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་གསུངས་དོན། ད་ལོའི་ལོ་སྟོད་དུ། ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྔོན་ལ་ཤུགས་རྒྱག་པ་དང་རང་འགུལ་ངང་བྱས་རྗེས་བཞག་སྟེ། ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གང་ལེགས་བཅག་པས། རང་རྒྱལ་གྱི་དཔལ་འབྱོར་གནོན་བཟོད་མདུན་སྐྱོད་དང་གསར་ཞིང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཏེ། སྙུགས་ཤེད་དང་གསོན་ཤུགས་ཆེན་པོ་མངོན་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་ཐད་དཀའ་ངལ་དང་འགྲན་སློང་ཁག་གཅིག་འཕྲད་ཡོད་པས། གདེང་ཚོད་བརྟན་གཏོང་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། ལོ་སྨད་དུ་གཞི་ཆེའི་སྲིད་ཇུས་ཀྱི་ཕན་འབྲས་ཆེ་རུ་བཏང་ནས་ནང་མཁོའི་གཏིང་ཤུགས་སྔོག་འདོན་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཐུབ་པར་སྐུལ་འདེད། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ། དམངས་འཚོར་འགན་སྲུང་དང་ལེགས་སུ་ནུས་ལྡན་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་རྒྱུན་མཐུད་སེལ་བ་སོགས་ཀྱི་ལས་དོན་གཙོ་གནད་ཐོག་ཡག་པོ་སྒྲུབ་དགོས།

ཞི་ཅིན་ཕིང་གིས་གསུངས་དོན། ལོ་སྟོད་དུ་དམངས་གཙོ་ཏང་ཤོག་ཁག་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། རང་འགུལ་ངང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གཙོ་གནད་གནད་དོན་ཁག་གཅིག་ལ་དམིགས་ནས་ཐབས་འདོན་ཇུས་བཀོད་བཅས་བྱས་ཏེ། ཏང་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། ངས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཞི་ཅིན་ཕིང་གིས་དམངས་གཙོ་ཏང་ཤོག་ཁག་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་རེ་བ་གསུམ་བཏོན་གནང་བ་སྟེ། གཅིག་ནི་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་གུང་ཀྲུང་དབྱང་གི་མིག་སྔའི་དཔལ་འབྱོར་དུས་བབ་ཀྱི་དབྱེ་ཞིབ་བརྡར་གཅོད་དང་དཔལ་འབྱོར་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། འཕེལ་རྒྱས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནི་འགན་འཁྲི་གཙང་སྒྲུབ་ཧུར་ཐག་བྱས་ནས་བརྟག་ཞིབ་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག་དམིགས་ས་ཡོད་པའི་གྲོས་འགོ་བཏོན་ཏེ་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་ལ་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པ། གསུམ་ནི་རྒྱ་ཆེའི་ཁོངས་མི་དང་འབྲེལ་གཏུག་བྱ་ཡུལ་མང་ཚོགས་ལ་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་རྒྱུན་མཐུད་བཏང་ནས་ཚང་མས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་གོ་བ་ལེན་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་བཅངས་པའི་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། རིགས་པའི་གཞུང་ལུགས་ཀྱི་མོས་སེམས། བརྩེ་སེམས་ཀྱི་མོས་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྣམ་པ་བཟང་པོ་ཞིག་གཏོད་དགོས།

ལིའུ་གོ་ཀྲུང་དང་། ལི་ཀན་ཅེ། ཧོ་ལི་ཧྥུང་། ཀྲང་གོ་ཆིང་། ཝུའུ་ཀྲེང་ལུང་བཅས་དང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

བཞུགས་མོལ་ཚོགས་འདུར་ཞུགས་མཁན་གྱི་ཏང་ཕྱིའི་མི་སྣའི་གྲས་སུ་ད་དུང་ཧྲའོ་ཧུང་དང་། ཧོ་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཤིན། དབྱང་ཀྲེན་བཅས་དང་དེ་བཞིན་ཀྲང་ཨེན་ཏི་དང་། ཧྥང་ཀོང་ཧྭ། ཀྲང་པིན་སོགས་ཡོད་པ་རེད།

(ཚེ་བརྟན་སྒྲོལ་དཀར་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)