བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
〔2026〕ཡིག་ཨང་4པ།
《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བཅའ་ཁྲིམས〉ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》འདི་2026ལོའི་ཟླ་དང་པོའི་ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཅིག་པའི་ཐོག་གྲོས་འཆམ་བྱུང་བ་བཞིན་ད་ལྟ་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞིང་། 2026ལོའི་ཟླ་4ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2026ལོའི་ཟླ་དང་པོའི་ཚེས་27ལ།
དཀར་ཆག
ལེའུ་དང་པོ། སྤྱིའི་རྩ་དོན།
ལེའུ་གཉིས་པ། རྨང་གཞིའི་ཞིབ་འཇུག་དང་། ཉེར་སྤྱོད་ཞིབ་འཇུག དེ་བཞིན་འབྲས་བུ་དངོས་སྒྱུར།
ལེའུ་གསུམ་པ། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད།
ལེའུ་བཞི་པ། ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ལས་ཚན།
ལེའུ་ལྔ་པ། ཚན་རིག་ལག་རྩལ་པ།
ལེའུ་དྲུག་པ། ཁུལ་ཁོངས་ཀྱི་ཚན་རྩལ་གསར་གཏོད་དང་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས།
ལེའུ་བདུན་པ། ཞབས་ཞུ་འགན་སྲུང་དང་ལྟ་སྐུལ་དོ་དམ།
ལེའུ་བརྒྱད་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
ལེའུ་དགུ་པ། ཞར་བྱུང་།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། ཚན་རིག་ལག་རྩལ་ཡར་ཐོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་དང་། གསར་གཏོད་ནི་འགུལ་ཤུགས་ཨང་དང་པོ། ཤེས་ལྡན་པ་ནི་ཐོན་ཁུངས་ཨང་དང་པོ་བཅས་ཡིན་པའི་ནུས་པ་འདོན་སྤེལ་བྱེད་པ། ཚན་རིག་ལག་རྩལ་གྱི་འབྲས་བུ་ཐོན་སྐྱེད་ནུས་ཤུགས་ལ་སྒྱུར་བར་སྐུལ་སྤེལ་གཏོང་བ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཁྲིད་སྟོན་བྱེད་པར་སྐུལ་འདེད་གཏོང་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱ་ཐབས་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ཁྱབ་ཁོངས་ནང་ཚན་རིག་ལག་རྩལ་ཡར་ཐོན་དང་འབྲེལ་བ་ཡོད་པའི་ཞབས་ཞུ་དང་དོ་དམ་སོགས་ཀྱི་བྱེད་སྒོ་སྤེལ་རིགས་ལ་བྱ་ཐབས་འདི་སྤྱད་ན་འཐུས།
དོན་ཚན་གསུམ་པ། ཚན་རིག་ལག་རྩལ་བྱ་གཞག་ཐད་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱས་ཐོག འཛམ་གླིང་ཚན་རྩལ་གྱི་མདུན་མ་དང་། དཔལ་འབྱོར་གྱི་འཐབ་ས་གཙོ་བོ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་བཅས་ལ་ཁ་ཕྱོགས་རྒྱུ་མཐའ་འཁྱོངས་བྱེད་དགོས།
རང་སྐྱོང་ལྗོངས་ཀྱིས་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་གོང་འཕེལ་གྱི་རྣམ་པ་གསར་པར་ཞབས་ཞུ་དང་དེའི་ནང་མཉམ་འདྲེས་ཐུབ་པ་བྱ་རྒྱུ་དང་། དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ཁྲོད་ཚན་རྩལ་གསར་གཏོད་ཀྱི་ལྟེ་བའི་གནས་བབ་མཐའ་འཁྱོངས་བྱ་རྒྱུ་མ་ཟད། ཚན་སློབ་བོད་དར་གྱི་འཐབ་ཇུས་དང་། ཤེས་ལྡན་པ་སྟོབས་ཆེའི་འཐབ་ཇུས། གསར་གཏོད་སྒུལ་ནུས་གོང་འཕེལ་གྱི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ་སློབ་གསོ་དང་ཚན་རྩལ། ཤེས་ལྡན་པ་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གཅིག་འཐུས་སྒྱུར་བཅོས་དང་གཅིག་གྱུར་འཆར་འགོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གསར་གཏོད་ཐོན་ཁུངས་བགོ་སྒྲིག་བྱེད་པའི་ཁྲོད་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་གང་ལེགས་འདོན་སྤེལ་བྱེད་པ། གསར་གཏོད་བྱེད་པོ་ཁག་གི་གསོན་ཤུགས་ལ་སྐུལ་སྤེལ་གཏོང་བ་དང་། གསར་གཏོད་རྣམ་པའི་བོད་ལྗོངས་གསར་པ་འཛུགས་གཏོད་བྱེད་པ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ཡོང་བར་ཞབས་ཞུ་སྒྲུབ་པ། ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་རྒྱུར་རོགས་འདེགས་བཅས་བྱ་རྒྱུ།
དོན་ཚན་བཞི་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ལྗོངས་ཡོངས་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་གྱི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚན་རིག་ལག་རྩལ་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་དང་ཚན་རྩལ་གསར་གཏོད་ཀྱི་འཆར་འགོད་བཟོ་བ་དང་། ཚན་རིག་ལག་རྩལ་གོང་འཕེལ་གྱི་གཙོ་གནད་ཁྱབ་ཁོངས་དང་རྣམ་གྲངས་གལ་ཆེན་གཏན་འབེབས་བྱེད་པ། ལག་བསྟར་ཁྲོད་ཀྱི་གནད་དོན་གལ་ཆེན་མཐུན་སྦྱོར་ངང་ཐག་གཅོད་བྱེད་པ། ཚན་རྩལ་གོང་འཕེལ་གཏོང་ཕྱོགས་ཀྱི་ཁྱབ་བཀོད་དང་། ཐོན་ཁུངས་བགོ་སྒྲིག སྲིད་ཇུས་བཟོ་འགོད་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པ། ཕྱོགས་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་ལམ་ལུགས་ཆགས་རྒྱུར་སྐུལ་འདེད་གཏོང་བ། ཚན་རྩལ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཚན་རིག་ལག་རྩལ་ཡར་ཐོན་གྱི་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་། སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་ནང་འཇུག་རྒྱུ་མ་ཟད། ཚན་རིག་ལག་རྩལ་ཡར་ཐོན་དེ་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་གོང་འཕེལ་དང་མཐུན་སྦྱོར་ཡོང་བར་འགན་སྲུང་བྱེད་དགོས།
དོན་ཚན་ལྔ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཚན་རིག་ལག་རྩལ་སྲིད་འཛིན་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་ཚན་རིག་ལག་རྩལ་ལས་དོན་ལ་གཅིག་གྱུར་འཆར་འགོད་དོ་དམ་དང་། སྒྲིག་འཛུགས་མཐུན་སྦྱོར། ཞབས་ཞུ་འགན་སྲུང་། ལྟ་སྐུལ་ལག་བསྟར་བཅས་བྱེད་པའི་འགན་འཁུར་རྒྱུ་དང་། ཚན་རིག་ལག་རྩལ་གྱི་འཆར་འགོད་རྣམ་གྲངས་ལག་བསྟར་སྒྲིག་འཛུགས་བྱ་རྒྱུ།
ཆུད་བཙུགས་པའི་གྲོང་ཁྱེར(ས་གནས)དང་། རྫོང་(གྲོང་ཁྱེར་དང་ཆུད)མི་དམངས་སྲིད་གཞུང་(སྲིད་ཧྲུའུ)ཚན་རིག་ལག་རྩལ་སྲིད་འཛིན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཚན་རིག་ལག་རྩལ་ཡར་ཐོན་ལས་དོན་གྱི་འགན་འཁུར་རྒྱུ།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་རང་སོ་སོའི་འགན་ཁོངས་ནང་འབྲེལ་ཡོད་ཚན་རིག་ལག་རྩལ་ཡར་ཐོན་གྱི་ལས་ཀའི་འགན་འཁུར་རྒྱུ།
དོན་ཚན་དྲུག་པ། རང་སྐྱོང་ལྗོངས་ཀྱིས་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱ་རྒྱུ་དེ་མཐོ་རིམ་སློབ་གསོ་དང་ཐོན་ལས་གོང་འཕེལ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ། རིག་ཚན་སྤེལ་རེས་མཉམ་ལས་དང་ཕན་ཚུན་སྐུལ་འདེད་གཏོང་བར་སྐུལ་ལྕག་གཏོང་རྒྱུ།
རང་སྐྱོང་ལྗོངས་ཀྱིས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་དང་། རིག་གནས་ཡུལ་སྐོར། ནུས་རྒྱུ་གཙང་མ། འབྱུང་འཕྲོད་བཟོ་ལས། དེང་རབས་ཞབས་ཞུ། མཐོ་གསར་གྲངས་འཛིན། མཐའ་མཚམས་ཟོག་འགྲུལ། བོད་ལུགས་གསོ་རིག་སྨན་རྫས། སྤྱི་སྤྱོད་མཁའ་འགྲུལ་སོགས་གཙོ་གནད་ཐོན་ལས་ཀྱི་ལག་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་དང་། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ཐད་ཀྱི་རྒྱལ་ཡོངས་ཀྱི་ལམ་སྲོལ་གསར་པའི་བོད་ལྗོངས་ཀྱི་ཐབས་ལམ་འཚོལ་ཞིབ་དང་འཐུས་ཚང་དུ་གཏོང་རྒྱུ། གཙོ་གནད་ཁྱབ་ཁོངས་ཀྱི་རྣམ་གྲངས་དང་། ཤེས་ལྡན་པ། རྟེན་གཞི། མ་དངུལ་བཅས་གཞི་གཅིག་ཅན་གྱི་བཀོད་སྒྲིག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་དག་གོང་འཕེལ་གཏོང་བའི་སྔོན་སྤེལ་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་བཅས་གཏོད་རྒྱུར་ཚན་རྩལ་གྱི་འདེགས་སྐྱོར་བྱེད་དགོས།
དོན་ཚན་བདུན་པ། རང་སྐྱོང་ལྗོངས་ཀྱིས་གོང་འཕེལ་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་ཏེ་ཚན་རྩལ་བདེ་འཇགས་ཀྱི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་རྒྱུ་དང་། ཚན་རྩལ་བདེ་འཇགས་ཀྱི་ཉེན་ཁ་འགོག་ཟོན་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་བདེ་འཇགས་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱིས་དུས་བདེའི་བོད་ལྗོངས་ལ་ཞབས་ཞུ་སྒྲུབ་ནུས་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ།
རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བ་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་བཟོ་བ། མིའི་ལུས་ཁམས་ཀྱི་བདེ་ཐང་ལ་གནོད་འཚེ་བཟོ་བ། ཚན་ཞིབ་ཡིད་རྟོན་དང་ཚན་རྩལ་མི་ཆོས་དང་རྒྱབ་འགལ་བྱེད་པ་བཅས་ཀྱི་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཉེར་སྤྱོད་བྱེད་སྒོ་སྤེལ་རིགས་གཏན་འགོག་བྱ་རྒྱུ།
དོན་ཚན་བརྒྱད་པ། རང་སྐྱོང་ལྗོངས་ཀྱིས་ཚན་རྩལ་གསར་གཏོད་ལ་ཕན་པའི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་ནས་ལས་ཚན་དང་། མང་ཚོགས་ཚོགས་པའི་རྩ་འཛུགས། ཁེ་ལས་བྱ་གཞག་ཚན་པ། སྤྱི་ཚོགས་རྩ་འཛུགས། སྤྱི་དམངས་བཅས་ཀྱིས་ཚན་རིག་ལག་རྩལ་ཡར་ཐོན་གྱི་བྱེད་སྒོའི་ནང་ཞུགས་རྒྱུ་དང་དེར་རྒྱབ་སྐྱོར་བྱེད་པར་སྐུལ་ལྕག་གཏོང་རྒྱུ།
སྤྱི་ཚོགས་ཡོངས་ཀྱིས་ངེས་པར་དུ་ངལ་རྩོལ་ལ་བརྩི་འཇོག་དང་། ཤེས་བྱར་བརྩི་འཇོག ཤེས་ལྡན་པར་བརྩི་འཇོག གསར་གཏོད་ལ་བརྩི་འཇོག་བཅས་བྱས་ཏེ་ཚན་རིག་ལ་དད་ཞེན་བྱེད་པའི་སྲོལ་བཟང་ཆགས་པ་བྱེད་དགོས།
དོན་ཚན་དགུ་པ། རང་སྐྱོང་ལྗོངས་ཀྱིས་ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་རྒྱུ་དེ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་བཅས་འཛུགས་སྐྱོང་བྱེད་པའི་ཁྲོད་ཡོངས་སུ་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་བཏང་ནས་སྲིད་གཞུང་དང་། སྤྱི་ཚོགས། ཁྲོམ་ར་སོགས་ཀྱིས་མཉམ་དུ་སྐུལ་སྤེལ་གཏོང་བའི་ཚན་རིག་ལག་རྩལ་ཁྱབ་གདལ་དང་གོང་འཕེལ་གཏོང་རྣམ་ཞིག་ཆགས་པར་བྱ་རྒྱུ། ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་བའི་རྨང་གཞིའི་སྒྲིག་བཀོད་སྐྲུན་ཤུགས་དང་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཚན་རིག་ལག་རྩལ་ཁྱབ་གདལ་མཉམ་ལས་དང་མཉམ་སྤྱོད་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཚན་རིག་ལག་རྩལ་གྱི་ཤེས་བྱ་ཁྱབ་གདལ་བཏང་སྟེ་སྤྱི་དམངས་ཡོངས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་གི་ཚན་རིག་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུ།
ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ལས་ཚན་དང་། མཐོ་རིམ་སློབ་གྲྭ། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ཚོགས་རྩ་འཛུགས། ཚན་རིག་ལག་རྩལ་མི་སྣ་སོགས་ཀྱིས་ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་བའི་བྱེད་སྒོར་ཧུར་ཐག་ཞུགས་པ་དང་དེར་རྒྱབ་སྐྱོར་བྱེད་པར་སྐུལ་ལྕག་གཏོང་རྒྱུ།
ནོར་སྲིད་རང་བཞིན་གྱི་མ་དངུལ་སྤྱད་དེ་ཚན་རིག་ལག་རྩལ་གྱི་འཆར་གཞིའི་རྣམ་གྲངས་འཛུགས་དགོས་ཚེ་ངེས་པར་དུ་ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་རྒྱུའི་ལས་འགན་ལུགས་མཐུན་འཆར་འགོད་བྱ་རྒྱུ་མ་ཟད། ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་རྒྱུའི་ལས་འགན་དེ་དཔྱད་ཞིབ་ཚོད་སྐོར་གྱི་དམིགས་ཚད་ནང་འཇུག་དགོས།
དོན་ཚན་བཅུ་པ། རང་སྐྱོང་ལྗོངས་ཀྱིས་ཚན་རིག་ལག་རྩལ་གྱི་བྱ་དགའ་བཟོས་ནས་ཚན་རིག་ལག་རྩལ་ཡར་ཐོན་གྱི་བྱེད་སྒོའི་ནང་ལེགས་སྐྱེས་གལ་ཆེན་འབུལ་མཁན་རྩ་འཛུགས་དང་མི་སྒེར་ལ་བྱ་དགའ་སྤྲོད་རྒྱུ།
རྒྱལ་ཁབ་ཕྱི་ནང་གི་རྩ་འཛུགས་སམ་ཡང་ན་མི་སྒེར་གྱིས་ཁྲིམས་ལྟར་ཚན་རིག་ལག་རྩལ་གྱི་བྱ་དགའ་བཟོས་ནས་ཚན་རིག་ལག་རྩལ་ཡར་ཐོན་གྱི་བྱེད་སྒོའི་ནང་ལེགས་སྐྱེས་འབུལ་མཁན་རྩ་འཛུགས་དང་མི་སྒེར་ལ་བྱ་དགའ་སྤྲོད་པར་སྐུལ་ལྕག་གཏོང་རྒྱུ།
ལེའུ་གཉིས་པ། རྨང་གཞིའི་ཞིབ་འཇུག་དང་། ཉེར་སྤྱོད་ཞིབ་འཇུག དེ་བཞིན་འབྲས་བུ་དངོས་སྒྱུར།
དོན་ཚན་བཅུ་གཅིག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རྨང་གཞིའི་ཞིབ་འཇུག་དང་། ཉེར་སྤྱོད་ཞིབ་འཇུག འབྲས་བུ་དངོས་སྒྱུར་བཅས་ཀྱི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་དང་། ལེགས་ཆ་ཆེ་བའི་ཐོན་ལས། གསར་དར་ཐོན་ལས་བཅས་ཀྱི་ཉེར་སྤྱོད་རང་བཞིན་གྱི་རྨང་གཞིའི་ཞིབ་འཇུག་དང་མདུན་སྣེའི་ལག་རྩལ་གསར་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་ལག་རྩལ་མཐུན་སྦྱོར་གསར་གཏོད་བྱེད་པར་གཅིག་གྱུར་འཆར་འགོད་དང་སྒྲིག་འཛུགས་བྱ་རྒྱུར་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཡུལ་བབ་མཐུན་འགྱུར་གྱིས་ཐོན་སྐྱེད་ནུས་ཤུགས་གསར་པ་གོང་འཕེལ་གཏོང་རྒྱུ།
དོན་ཚན་བཅུ་གཉིས་པ། རང་སྐྱོང་ལྗོངས་ཀྱིས་ནོར་སྲིད་རང་བཞིན་གྱི་ཚན་རིག་ལག་རྩལ་མ་དངུལ་ནས་རང་བྱུང་ཚན་རིག་གི་ཐེབས་རྩ་ཟུར་འཇོག་བྱས་ཏེ་རྨང་གཞིའི་ཞིབ་འཇུག་ལ་རོགས་དངུལ་སྤྲོད་པ་དང་། ཚན་རིག་ལག་རྩལ་གྱི་ཤེས་ལྡན་པ་དང་ཚོགས་པ་གསོ་སྐྱོང་བྱ་རྒྱུ།
ཆ་རྐྱེན་འཛོམས་པའི་ཆུད་བཙུགས་པའི་གྲོང་ཁྱེར(ས་གནས)མི་དམངས་སྲིད་གཞུང་(སྲིད་ཧྲུའུ)གིས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་དོན་དངོས་དང་དེ་བཞིན་གོང་འཕེལ་གྱི་དགོས་མཁོ་བཅས་དང་ཟུང་འབྲེལ་གྱིས་རང་བྱུང་ཚན་རིག་གི་ཐེབས་རྩ་བཙུགས་ནས་རྨང་གཞིའི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱས་ཆོག
དོན་ཚན་བཅུ་གསུམ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཚན་རྩལ་འབྲས་བུ་དངོས་སྒྱུར་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཚན་རྩལ་འབྲས་བུའི་བར་རིམ་ཚོད་ལྟ་དང་། ལས་གྲྭ་ཅན་དང་ཐོན་ལས་ཅན་གྱི་གསར་སྤེལ་དང་ཉེར་སྤྱོད་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་འབྲས་བུ་དངོས་སྒྱུར་གྱི་རྣམ་གྲངས་གཙོ་བོའི་འཆར་གཞི་ལག་བསྟར་དང་། ཤེས་ལྡན་པ་གསོ་སྦྱོང་། མ་དངུལ་གཏོང་བ་སོགས་ཐད་གཙོ་གནད་དུ་རོགས་སྐྱོར་བྱས་ནས་ཚན་རྩལ་འབྲས་བུ་ཐོན་སྐྱེད་ནུས་ཤུགས་ལ་འགྱུར་བར་ཆ་རྐྱེན་བསྐྲུན་དགོས།
དོན་ཚན་བཅུ་བཞི་པ། རང་སྐྱོང་ལྗོངས་ཀྱིས་ཁེ་ལས་དང་། ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ལས་ཚན། མཐོ་རིམ་སློབ་གྲྭ། རྩ་འཛུགས་གཞན་དག་བཅས་ཀྱིས་མཉམ་ལས་གསར་སྤེལ་དང་། མངགས་བཅོལ་གསར་སྤེལ། ཐོན་སློབ་ཞིབ་གསུམ་གྱི་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་། གསར་གཏོད་མནའ་འབྲེལ་འཛུགས་གཏོད་སོགས་ཀྱི་རྣམ་པ་སྣ་ཚོགས་ཐོག་ནས་མཐུན་སྦྱོར་གསར་གཏོད་བྱེད་པར་སྐུལ་ལྕག་བཏང་ནས་ཐོན་ལས་ལག་རྩལ་གསར་གཏོད་བྱེད་ནུས་ཆེ་རུ་འགྲོ་བ་དང་ཚན་རྩལ་འབྲས་བུ་སྤོ་སྒྱུར་དང་དངོས་སྒྱུར་གྱི་ཕན་འབྲས་ཆེ་རུ་འགྲོ་བ་བྱ་རྒྱུ།
ཚན་ཞིབ་ཚོགས་པས་ཚན་ཞིབ་འགག་གནད་བསྒྲོལ་ཏེ་ཚན་རྩལ་གྱི་འབྲས་བུ་སྤོ་སྒྱུར་དང་དངོས་སྒྱུར་ཐད་དངོས་ཡོད་ཀྱི་འཕེལ་རྒྱས་བྱུང་ཚེ་འབྲས་བུ་དངོས་སྒྱུར་གྱི་སྒྲིག་གཞིར་བརྟེན་ནས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བྱ་དགའ་སྤྲོད་ཆོག
དོན་ཚན་བཅོ་ལྔ་པ། རང་སྐྱོང་ལྗོངས་ཀྱིས་ངེས་པར་དུ་ས་གནས་དེ་གའི་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་དང་སོན་རྒྱུད་གསོ་སྤེལ་ལ་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ཚན་རྩལ་གྱི་ཐབས་ལམ་སྤྱད་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བར་ནུས་ཤུགས་སྤྲོད་དགོས།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་ཞིང་འབྲོག་ལས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུར་ཚན་རྩལ་གསར་གཏོད་ཀྱིས་འདེགས་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཏེ་ནས་དང་འབྲི་གཡག་སོགས་ས་མཐོའི་ཁྱད་ལྡན་ཐོན་དངོས་ལ་དམིགས་ནས་སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོབ་དང་། སྔོག་འདོན་བེད་སྤྱོད། སོན་བཟང་རྒྱུད་བཟང་གསོ་སྤེལ། བདེ་ཐང་འབྱུང་འཕྲོད་ཀྱི་འདེབས་གསོ། ནད་དང་འབུའི་གནོད་འཚེ་འགོག་བཅོས། ཞིང་ལས་ཐོན་རྫས་བཟོ་སྣོན་ལག་རྩལ། རིག་ནུས་ཞིང་འཕྲུལ་སྒྲིག་ཆས་སོགས་ཞིང་འབྲོག་ལས་ཀྱི་ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་དང་ཉེར་སྤྱོད་ཁྱབ་གདལ་གཏོང་བར་རྒྱབ་སྐྱོར་བྱས་ནས་ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་མ་ལག་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས།
དོན་ཚན་བཅུ་དྲུག་པ། རང་སྐྱོང་ལྗོངས་ཀྱིས་ལག་རྩལ་ཚོད་སྐོར་དང་། ལག་རྩལ་བར་གཉེར། གསར་གཏོད་ལས་གཏོད་ཀྱི་ཞབས་ཞུ་སོགས་ཀྱི་བྱེད་སྒོ་སྤེལ་མཁན་མཚམས་སྦྱོར་ཞབས་ཞུའི་ལས་ཚན་འཛུགས་གཉེར་བྱེད་པར་སྐུལ་ལྕག་བཏང་ནས་ལག་རྩལ་ཁྲོམ་ར་འཛུགས་སྐྱོང་དང་གོང་འཕེལ་གཏོང་བ་དང་། རྒྱལ་ཡོངས་ལ་ཕྱོགས་པའི་ལག་རྩལ་སྤོ་སྒྱུར་ལྟེ་གནས་འཛུགས་པ། ལག་རྩལ་ཉོ་ཚོང་ཞབས་ཞུའི་མ་ལག་དང་གསར་གཏོད་ལས་གཏོད་ཀྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ་ལག་རྩལ་གྱི་གཙོ་རྒྱུ་ཁྲོམ་ར་ཅན་དུ་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་རྒྱུ།
དོན་ཚན་བཅུ་བདུན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ལས་ཐོག་ཚན་རྩལ་འབྲས་བུར་དབང་ཆ་སྤྲོད་པའི་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ཚན་རིག་ལག་རྩལ་པར་ཚན་རྩལ་འབྲས་བུའི་བདག་དབང་ངམ་ཡང་ན་ཡུན་རིང་བེད་སྤྱོད་བྱེད་དབང་སྤྲོད་པའི་ལམ་ལུགས་འཚོལ་ཞིབ་བྱས་ཏེ་ལས་ཐོག་གི་ཚན་རྩལ་འབྲས་བུར་ལོགས་སུ་དོ་དམ་བྱེད་པའི་ལམ་ལུགས་བཟོ་དགོས།
དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ལྗོངས་ཀྱིས་ཚན་རྩལ་འབྲས་བུ་དངོས་སྒྱུར་ཐེབས་རྩའམ་ཡང་ན་ཉེན་ཟོན་ཐེབས་རྩ་འཛུགས་རྒྱུར་སྐུལ་ལྕག་གཏོང་རྒྱུ་དང་། དེའི་མ་དངུལ་ཡོང་ཁུངས་ནི་སྲིད་གཞུང་དང་། ཁེ་ལས་བྱ་གཞག་ཚན་པ། དེ་བཞིན་རྩ་འཛུགས་གཞན་དག་གམ་ཡང་ན་མི་སྒེར་བཅས་ནས་ཡིན་ཆོག་ཅིང་། གཏོང་སྒོ་ཤུགས་ཆེ་བ་དང་། ཉེན་ཁ་ཆེ་བ། ཐོན་འབབ་མང་བ་བཅས་ཀྱི་ཚན་རྩལ་འབྲས་བུ་དངོས་སྒྱུར་ཐད་རྒྱབ་སྐྱོར་བྱེད་པར་སྤྱོད་རྒྱུ།
ལེའུ་གསུམ་པ། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད།
དོན་ཚན་བཅུ་དགུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཁེ་ལས་གཙོ་རྐང་དུ་བྱེད་པ་དང་། ཁྲོམ་ར་ཕྱོགས་སྟོན་དུ་བྱེད་པ། ཐོན་སློབ་ཞིབ་སྤྱོད་མཉམ་འདྲེས་གཏིང་ཟབ་བྱེད་པ་བཅས་ཀྱི་ལག་རྩལ་གསར་གཏོད་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཁེ་ལས་ཀྱི་ལག་རྩལ་གསར་གཏོད་བྱེད་སྒོར་ཁྲིད་སྟོན་དང་རོགས་སྐྱོར་བྱ་རྒྱུ་དང་། ལག་རྩལ་གསར་གཏོད་ཁྲོད་ཁེ་ལས་ཀྱི་གཙོ་རྐང་ནུས་པ་འདོན་སྤེལ་བྱས་ནས་ཁེ་ལས་ཀྱིས་ལག་རྩལ་གསར་གཏོད་ཀྱི་ཇུས་ཐག་གཅོད་པ་དང་། ཞིབ་འཇུག་གསར་སྤེལ་ལ་མ་འཇོག ཚན་ཞིབ་སྒྲིག་འཛུགས། འབྲས་བུ་དངོས་སྒྱུར་བཅས་བྱེད་མཁན་གཙོ་བོར་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དང་། གསར་གཏོད་ཀྱི་གཙོ་རྒྱུ་སྣ་ཚོགས་ཁེ་ལས་སུ་རུབ་འདུས་བྱེད་པར་སྐུལ་སྤེལ་བཏང་ནས་ཁེ་ལས་ཀྱི་ལག་རྩལ་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་རྒྱུ།
དོན་ཚན་ཉི་ཤུ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཚན་རྩལ་རྣམ་པའི་ཁེ་ལས་སྐས་རིམ་སྐྱོང་སྤེལ་བྱ་རྒྱུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཐོག གནད་འཕིགས་རོགས་སྐྱོར་གྱི་སྲིད་ཇུས་བཟོས་ཏེ་མཐོ་གསར་ལག་རྩལ་གྱི་ཁེ་ལས་དང་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་སོགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད། ཚན་རྩལ་སྣེ་འདྲེན་ཁེ་ལས་སྐྱོང་སྤེལ་བྱེད་དགོས།
དོན་ཚན་ཉེར་གཅིག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཐོན་ལས་དང་། ནོར་སྲིད། དངུལ་རྩ། ནུས་རྒྱུ། ཁོར་ཡུག་སྲུང་སྐྱོབ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཀྱི་སྲིད་ཇུས་གཏན་འབེབས་བྱས་པ་བརྒྱུད་ཁེ་ལས་ཀྱིས་ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། བཟོ་རྩལ་གསར་པ་བཅས་ཞིབ་འཇུག་གསར་སྤེལ་བྱེད་པར་ཁྲིད་སྟོན་དང་སྐུལ་འདེད་གཏོང་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞིབ་འཇུག་གསར་སྤེལ་འགྲོ་གྲོན་དེ་དཔྱ་ཁྲལ་མ་འཇལ་གོང་གི་གཏོང་སྒོ་བརྩི་བ་དང་འཕྲི་འཐེན་འཕར་མ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་དགོས། ཁེ་ལས་ཀྱི་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ཐད་སྤྱོད་པའི་ཡོ་ཆས་དང་སྒྲིག་ཆས་དེ་དག་གཏན་འབེབས་ལྟར་རྙིང་འགྱུར་རིན་གཅོག་བྱས་ཆོག
(པར་ངོས་བདུན་པར་གཟིགས)(པར་ངོས་དྲུག་པར་མཐུད)
མཐོ་གསར་ལག་རྩལ་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱེད་མཁན་ཁེ་ལས་དང་། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་། མ་འཇོག་ཐོག་མའི་གསར་གཏོད་བྱས་པའི་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་ལས་གཏོད་མ་འཇོག་ཁེ་ལས་སོགས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱས་ཆོག
ཚན་རིག་ལག་རྩལ་དང་། དཔལ་འབྱོར་དང་ཆ་འཕྲིན་ཅན། ནོར་སྲིད། ཁྲལ་དོན་སོགས་སྡེ་ཚན་གྱིས་ངེས་པར་དུ་ཁེ་ལས་ལ་སྲིད་ཇུས་གསལ་འགྲེལ་དང་བཀོལ་སྤྱོད་ཕྱོགས་སྟོན་སོགས་ཀྱི་ཞབས་ཞུ་བསྒྲུབས་ནས་ཁེ་ལས་ཀྱིས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་སྤྱོད་སྟངས་སྤྱོད་ལུགས་ཤེས་རྟོགས་ཐུབ་ཚད་དང་དེ་ཤེས་པའི་དབང་གིས་སྟབས་བདེ་ཡོང་ཚད་ཆེ་རུ་གཏོང་དགོས།
དོན་ཚན་ཉེར་གཉིས་པ། རང་སྐྱོང་ལྗོངས་ཀྱིས་ཁེ་ལས་ལ་ཞིབ་འཇུག་གསར་སྤེལ་གྱི་གཏོང་ཆ་མང་དུ་གཏོང་དགོས་པའི་སྐུལ་ལྕག་བཏང་ནས་ཐབས་ལམ་སྣ་མང་སྤྱད་དེ་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་ལས་གཏོད་མ་དངུལ་ཡོང་ཁུངས་རྒྱ་སྐྱེད་གཏོང་རྒྱུ། མཐོ་གསར་ལག་རྩལ་ཁེ་ལས་ཀྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལོ་དེ་གའི་བྲིན་ཚོང་ཡོང་འབབ་ཀྱི་བསྡུར་ཚད་ངེས་ཅན་གྱི་མ་དངུལ་བཏོན་ནས་ཞིབ་འཇུག་གསར་སྤེལ་དང་ལག་རྩལ་གསར་གཏོད་ཐད་སྤྱོད་རྒྱུ།
རང་སྐྱོང་ལྗོངས་ཀྱིས་དངུལ་རྩའི་ལས་ཚན་ལ་ཚན་རིག་ལག་རྩལ་གྱི་དངུལ་རྩའི་ཆེད་གཉེར་ལས་ཚན་དང་ཆེད་གཏོགས་ཐོན་རྫས་ཀྱི་ཞབས་ཞུ་འཐུས་ལེགས་ཡོང་བ་བྱེད་དགོས་པའི་སྐུལ་ལྕག་གཏོང་རྒྱུ་དང་། དངུལ་ཁང་དང་འགན་བཅོལ་ལས་ཁུངས་ནས་ཚན་རྩལ་གསར་གཏོད་ཁེ་ལས་ལ་ཐོན་རྫས་ཀྱི་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། བྲིན་འཚོང་། གཞི་གྲངས་ཉེན་མེད། ཤེས་བྱའི་བདག་དབང་སྲུང་སྐྱོབ་སོགས་ཀྱི་ཐད་ཡིད་རྟོན་དངུལ་བུན་དང་འགན་བཅོལ་གྱི་རྒྱབ་སྐྱོར་བྱ་རྒྱུར་སྐུལ་ལྕག་བཏང་སྟེ་ཁེ་ལས་ཀྱི་དངུལ་རྩའི་དགོས་མཁོ་དེ་དངུལ་རྩ་དང་འགན་བཅོལ་ཞབས་ཞུ་སྣ་ཚོགས་དང་སྦྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་རྒྱུ།
རང་སྐྱོང་ལྗོངས་ཀྱིས་ཆ་རྐྱེན་འཛོམས་པའི་ཚན་རྩལ་རྣམ་པའི་ཁེ་ལས་ལ་མ་རྩའི་ཁྲོམ་ར་སྤྱད་དེ་རང་ངོས་ཀྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ།
དོན་ཚན་ཉེར་གསུམ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གོང་འཕེལ་བསྒྱུར་བཅོས་དང་། ཚན་རིག་ལག་རྩལ། དཔལ་འབྱོར་དང་ཆ་འཕྲིན་ཅན། ཞིང་ལས་དང་གྲོང་གསེབ། འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཚན་གྱིས་ངེས་པར་དུ་ཁྲོམ་རའི་འགྲོ་རྒྱུག་ཕྱོགས་སྟོན་དུ་བྱས་པའི་ཚན་རིག་ལག་རྩལ་གྱི་འཆར་འགོད་རྣམ་གྲངས་འཛུགས་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ཁེ་ལས་འདྲ་མཉམ་འགྲན་རྩོད་དང་ལག་བསྟར་བྱས་པའི་ནང་ཞུགས་པར་སྐུལ་ལྕག་གཏོང་རྒྱུ།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཆ་རྐྱེན་འདྲ་མཉམ་འོག་ཁེ་ལས་ལ་སྤྲད་དེ་ཁེ་ལས་ཀྱིས་སྣེ་ཁྲིད་ནས་ནོར་སྲིད་རང་བཞིན་གྱི་མ་དངུལ་སྤྱད་དེ་བཙུགས་པའི་ཁྲོམ་རའི་ཉེར་སྤྱོད་ཀྱི་མདུན་ལམ་ཡོད་པའི་ཚན་རིག་ལག་རྩལ་གྱི་འཆར་འགོད་རྣམ་གྲངས་གཉེར་འགན་འཁུར་རྒྱུར་སྔོན་ལ་རྒྱབ་སྐྱོར་བྱེད་དགོས།
དོན་ཚན་ཉེར་བཞི་པ། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ལས་ཚན་གྱིས་ངེས་པར་དུ་ཚན་རིག་ལག་རྩལ་གསར་གཏོད་ལ་ཕན་པའི་གཞུང་ཁོངས་ཁེ་ལས་ཀྱི་དཔྱད་ཞིབ་དཔྱད་གདེང་ལམ་སྲོལ་བཟོས་ནས་ཞིབ་འཇུག་གསར་སྤེལ་ཐད་མ་འཇོག་བྱ་རྒྱུ་དེ་གཞུང་ཁོངས་ཁེ་ལས་ཀྱི་གཉེར་སྐྱོང་ལས་རྗེས་ལ་དཔྱད་གདེང་བྱེད་པའི་ནང་དོན་དུ་འཇུག་རྒྱུ་དང་། དཔྱད་ཞིབ་བྱེད་སྐབས་ཁེ་ལས་ཀྱི་ཁེ་སྤོགས་ལས་རྗེས་དང་མཚུངས་པར་བརྩི་རྒྱུ། གསར་གཏོད་མ་འཇོག་དང་། གསར་གཏོད་ཤེས་ལྡན་པ་འདྲེན་འགུགས་དང་གསོ་སྐྱོང་། གསར་གཏོད་བྱེད་ནུས་ཆེར་གཏོང་། གསར་གཏོད་ཕན་འབྲས་སོགས་ཀྱི་གནས་ཚུལ་དེ་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་བའི་དཔྱད་ཞིབ་བྱེད་ཁོངས་སུ་བཅུག་ནས་གཞུང་ཁོངས་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ཐད་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།
གཞུང་ཁོངས་ཁེ་ལས་ཀྱིས་ངེས་པར་དུ་ཞིབ་འཇུག་གསར་སྤེལ་ཐད་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བའི་ལམ་སྲོལ་བཙུགས་ཏེ་ལག་རྩལ་གསར་གཏོད་ལ་ཕན་པའི་ཞིབ་འཇུག་གསར་སྤེལ་གྱི་མ་འཇོག་ལམ་ལུགས་དང་། བགོ་བཤའི་ལམ་ལུགས། དཔྱད་ཞིབ་དཔྱད་གདེང་ལམ་ལུགས་བཅས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྐུལ་ལྕག་དང་གཅུན་སྡོམ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།
ལེའུ་བཞི་པ། ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ལས་ཚན།
དོན་ཚན་ཉེར་ལྔ་པ། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ས་གནས་ཀྱི་དགོས་མཁོར་དམིགས་ཏེ་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ལས་ཚན་གྱི་ཁྱབ་བཀོད་གཅིག་གྱུར་འཆར་འགོད་བྱས་ནས་གྲུབ་ཆ་ལུགས་མཐུན་དང་། ངེས་གནས་གཏན་འཁེལ། ལམ་སྲོལ་སྟབས་བསྟུན་བཅས་ཡིན་པའི་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་མ་ལག་འཛུགས་རྒྱུ།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཙོ་གནད་ཚོད་ལྟ་ཁང་དང་། ལག་རྩལ་གསར་གཏོད་ལྟེ་གནས། ཕྱི་རོལ་ལྟ་ཞིབ་ཚད་ལེན་ས་ཚིགས་སོགས་འཛུགས་སྐྲུན་བྱ་རྒྱུར་ཚན་རིག་དང་མཐུན་པའི་འཆར་འགོད་དང་གཅིག་འདོམས་བཀོད་སྒྲིག་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་གསར་གཏོད་ལས་སྟེགས་རང་སྐྱོང་ལྗོངས་སུ་འཛུགས་རྒྱུར་བརྩོན་ལེན་ཧུར་ཐག་བྱས་ནས་ཁྱབ་ཁོངས་གལ་ཆེན་གྱི་ཐོག་མའི་གསར་གཏོད་ནུས་པ་ཆེ་རུ་གཏོང་དགོས།
དོན་ཚན་ཉེར་དྲུག་པ། ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ལས་ཚན་གྱིས་ངེས་པར་དུ་ཁྲིམས་ལྟར་སྒྲིག་ཡིག་བཟོས་ནས་སྒྲིག་ཡིག་ནང་གཏན་འབེབས་བྱས་པའི་འགན་ནུས་ཀྱི་ངེས་གནས་དང་ལས་སྒོའི་ཁྱབ་ཁོངས་གཞིར་བཟུང་ཚན་རིག་ལག་རྩལ་གྱི་ཞིབ་འཇུག་གསར་སྤེལ་བྱེད་སྒོ་སྤེལ་དགོས་པ་ལས་རྨོངས་དད་ཀྱི་བྱེད་སྒོ་སྒྲིག་འཛུགས་དང་། དེའི་ནང་ཞུགས་པ། དེར་རྒྱབ་སྐྱོར་བྱེད་པ་བཅས་བྱེད་མི་ཆོག
ནོར་སྲིད་རང་བཞིན་གྱི་མ་དངུལ་སྤྱད་དེ་བཙུགས་པའི་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ལས་ཚན་གྱིས་ཚན་རིག་ལག་རྩལ་གྱི་ཞིབ་འཇུག་གསར་སྤེལ་བྱེད་སྒོ་སྤེལ་སྐབས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གོང་འཕེལ་དམིགས་ཚད་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་ཞབས་ཞུ་སྒྲུབ་དགོས་པ་དང་། ཆ་རྐྱེན་འཛོམས་པའི་རིགས་ཀྱིས་ངེས་པར་དུ་སྤྱི་དམངས་ལ་ཚན་རིག་ལག་རྩལ་ཁྱབ་གདལ་སྤེལ་ཁང་ངམ་ཡང་ན་སྒྲིག་བཀོད་སྒོ་དབྱེ་བྱས་ཏེ་ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱེད་དགོས།
དོན་ཚན་ཉེར་བདུན་པ། ནོར་སྲིད་རང་བཞིན་གྱི་མ་དངུལ་སྤྱད་དེ་བཙུགས་པའི་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ལས་ཚན་གྱིས་ངེས་པར་དུ་འགན་འཁྲི་ཁ་གསལ་དང་། དཔྱད་གདེང་ཚན་རིག་དང་མཐུན་པ། སྒོ་དབྱེ་གོ་རིམ་ལྡན་པ། དོ་དམ་ཚད་ལྡན་བཅས་ཀྱི་དེང་རབས་ཞིབ་འཇུག་ཁང་གི་ལམ་ལུགས་འཛུགས་པ་དང་། ཡོན་ཀྲང་ངམ་ཡང་ན་སོའོ་ཀྲང་གི་འགན་འཁུར་ལམ་ལུགས་ལག་བསྟར་བྱས་ནས་ལག་རྩལ་གསར་གཏོད་དང་ཞབས་ཞུའི་ལས་རྗེས་དཔྱད་ཞིབ་ལམ་སྲོལ་བཟོ་དགོས།
ནོར་སྲིད་རང་བཞིན་གྱི་མ་དངུལ་སྤྱད་དེ་བཙུགས་པའི་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ལས་ཚན་གྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཤེས་ལྡན་པ་འདྲེན་འགུགས་དང་། ཚན་རིག་ཞིབ་འཇུག་གི་རྣམ་གྲངས་འཛུགས་པ། འབྲས་བུ་དངོས་སྒྱུར། གླ་ཕོགས་བགོ་བཤའ་སོགས་ཐད་ཀྱི་རང་བདག་དབང་ཆ་དོན་འཁྱོལ་བྱེད་དགོས།
དོན་ཚན་ཉེར་བརྒྱད་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཚན་རིག་ལག་རྩལ་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ནོར་སྲིད་རང་བཞིན་གྱི་མ་དངུལ་སྤྱད་དེ་བཙུགས་པའི་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ལས་ཚན་གྱི་དཔྱད་དཔོག་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ལས་ཚན་གྱི་འགན་འཁྲིའི་ངེས་གནས་དང་། ཚན་རིག་ལག་རྩལ་ཐོན་འབོར། གསར་གཏོད་ཕན་འབྲས། རྒྱལ་ཁབ་ཀྱི་འཐབ་ཇུས་དང་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་དགོས་མཁོ་སྐོང་ཚུལ། ལས་རིགས་ཐོན་ལས་གོང་འཕེལ་དང་ཚན་རྩལ་ཡར་ཐོན་ལ་སྐུལ་འདེད། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁེ་ཕན། གསར་གཏོད་ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་ཐད་གཙོ་གནད་དུ་ཕྱོགས་བསྡུས་དཔྱད་དཔོག་བྱས་ནས་དཔྱད་དཔོག་བྱས་འབྲས་དེ་ལས་ཚན་འཛུགས་ཕྱོགས་དང་། དེར་རྒྱབ་སྐྱོར། ལེགས་སྒྲིག མཚམས་འཇོག་བཅས་བྱེད་པའི་གཞི་འཛིན་སར་བརྩི་དགོས།
དོན་ཚན་ཉེར་དགུ་པ། རང་སྐྱོང་ལྗོངས་ཀྱིས་ཁེ་ལས་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་གཞན་དག་ནས་ཁྲིམས་བཞིན་རང་ངོས་ཀྱི་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ལས་ཚན་འཛུགས་གཉེར་བྱ་རྒྱུར་སྐུལ་ལྕག་བཏང་ནས་དེའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་རྒྱུ།
སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བཙུགས་པའི་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ལས་ཚན་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནོར་སྲིད་རང་བཞིན་གྱི་མ་དངུལ་སྤྱད་དེ་བཙུགས་པའི་ཚན་རིག་ལག་རྩལ་གྱི་འཆར་གཞིའི་རྣམ་གྲངས་ཐད་འདྲ་མཉམ་འགྲན་རྩོད་དང་ཐེ་ཞུགས་ལག་བསྟར་བྱེད་པའི་དབང་ཆ་ཡོད།
དོན་ཚན་སུམ་ཅུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མ་འཇོག་བྱེད་པོ་སྣ་མང་ཅན་དང་། དོ་དམ་ལམ་ལུགས་དེང་རབས་ཅན། འཁོར་སྐྱོད་ལམ་སྲོལ་ཁྲོམ་ར་ཅན། མི་སྤྱོད་ལམ་སྲོལ་སྟབས་བསྟུན་ཅན་བཅས་ཀྱི་ཞིབ་འཇུག་གསར་སྤེལ་ལས་ཚན་གསར་པ་འཛུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ཆ་རྐྱེན་འཛོམས་པའི་ཞིབ་འཇུག་གསར་སྤེལ་ལས་ཚན་གསར་པར་གཏན་འབེབས་ལྟར་མ་དངུལ་དང་། རྣམ་གྲངས། ཤེས་ལྡན་པ། ཚན་རིག་ཞིབ་འཇུག་གི་ཆ་རྐྱེན་སོགས་ཀྱི་ཐད་རྒྱབ་སྐྱོར་བྱས་ནས་དེས་ཚན་རིག་ཞིབ་འཇུག་དང་། ལག་རྩལ་གསར་གཏོད། ཞིབ་འཇུག་གསར་སྤེལ་གྱི་ཞབས་ཞུ་བཅས་མཉམ་འདྲེས་ཐོག་སྤེལ་བར་སྐུལ་འདེད་གཏོང་རྒྱུ།
ཞིབ་འཇུག་གསར་སྤེལ་ལས་ཚན་གསར་པས་ཚན་རིག་ཞིབ་འཇུག་རྣམ་གྲངས་སྒྲུབ་འགན་འཁུར་བ་དང་། གོ་མིང་དཔྱད་འདེམས་གདན་ཞུ། ཤེས་ལྡན་པ་འདྲེན་འགུགས། འཛུགས་སྐྲུན་དུ་སྤྱོད་པའི་ས་ཆ། མ་འཇོག་དང་མ་དངུལ་བསྡུ་རྒྱུག་སོགས་བྱེད་པའི་ཐད་འབྲེལ་ཡོད་གཏན་འབེབས་ལྟར་ནོར་སྲིད་རང་བཞིན་གྱི་མ་དངུལ་སྤྱད་དེ་བཙུགས་པའི་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ལས་ཚན་དང་འདྲ་མཚུངས་ཀྱི་སྲིད་ཇུས་སྤྱད་ན་འཐུས།
ཞིབ་འཇུག་གསར་སྤེལ་ལས་ཚན་གསར་པ་ངོས་འཛིན་གཏན་འཁེལ་དང་དོ་དམ་བྱ་ཐབས་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཚན་རིག་ལག་རྩལ་སྲིད་འཛིན་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བཟོ་འབེབས་བྱ་རྒྱུ།
ལེའུ་ལྔ་པ། ཚན་རིག་ལག་རྩལ་པ།
དོན་ཚན་སོ་གཅིག་པ། རང་སྐྱོང་ལྗོངས་ཀྱིས་ཤེས་ལྡན་པར་བརྩི་འཇོག་དང་གསར་གཏོད་ལ་བརྩི་འཇོག་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་དང་། དྲང་གཞག་འདྲ་མཉམ་དང་འགྲན་རྩོད་ལེགས་འདེམས་ཀྱི་ལམ་ལུགས་ཁོར་ཡུག གསར་གཏོད་ལ་སྐུལ་ལྕག་དང་ཕམ་བཟོད་ཐུབ་པའི་ལས་ཀའི་ཁོར་ཡུག ཐོབ་ཐང་འོས་འཚམ་དང་འགན་སྲུང་ནུས་ལྡན་གྱི་འཚོ་བའི་ཁོར་ཡུག་བཅས་བཏོད་ནས་ཚན་རིག་ལག་རྩལ་པར་བློ་རྩེ་གཅིག་སྒྲིམ་གྱིས་ཚན་རིག་ཞིབ་འཇུག་བྱེད་པའི་ཆ་རྐྱེན་བཟང་པོ་ཞིག་བསྐྲུན་དགོས།
ཐབས་ལམ་དང་བྱེད་སྟངས་འདྲ་མིན་སྤྱད་དེ་ཚན་རིག་ལག་རྩལ་པ་དང་དེའི་ཚན་རྩལ་འབྲས་བུར་དྲང་པོ་དྲང་གཞག་མི་བྱེད་པའི་རིགས་གཏན་ནས་བྱེད་མི་ཆོག
དོན་ཚན་སོ་གཉིས་པ། རང་སྐྱོང་ལྗོངས་ཀྱིས་ཤེས་ལྡན་པ་གསོ་སྐྱོང་གི་ཆེད་དོན་ལས་གཞི་ལག་བསྟར་བྱས་ཏེ་ཚན་རིག་ལག་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་། སྲིད་གཞུང་དང་། སྤྱི་ཚོགས། ཚན་པ་བཅས་སྣ་མང་ཅན་གྱིས་ཤེས་ལྡན་པར་གཏོང་སྒོ་མང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། འཐབ་ཇུས་ལྡན་པའི་ཚན་རིག་མཁས་ཅན་དང་། ཚན་རྩལ་སྣེ་འདྲེན་གྱི་ཤེས་ལྡན་པ། ན་གཞོན་ཚན་རིག་ལག་རྩལ་ཤེས་ལྡན་པ། ཚན་རྩལ་གསར་གཏོད་ཚོགས་པ་བཅས་འདྲེན་འགུགས་དང་གསོ་སྐྱོང་བྱས་ཏེ་གཞི་ཁྱོན་འོས་འཚམ་དང་། གྲུབ་ཆ་ལུགས་མཐུན། བྱང་ཚད་མཐོ་བ། ཁྱད་ཆོས་མངོན་ཆེན་བཅས་ཀྱི་ཚན་རིག་ལག་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ།
དོན་ཚན་སོ་གསུམ་པ། རིམ་ཁག་མི་དམངས་སྲིད་གཞུང་དང་། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ཚོགས་རྩ་འཛུགས་བཅས་ཀྱིས་ངེས་པར་དུ་བྱེད་ཐབས་སྤྱད་དེ་ཤེས་བྱ་དང་ལག་རྩལ་སོགས་གསར་གཏོད་ཀྱི་གཙོ་རྒྱུའི་རིན་ཐང་ལྡན་པའི་ཁེ་སྤོགས་བགོ་བཤའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་དང་། ཡོང་འབབ་ཀྱི་གྲུབ་ཆ་ལེགས་སྒྱུར་དང་། གླ་ཕོགས་བརྟན་ཐོག་འཕར་སྣོན་ལམ་སྲོལ་བཟོས་ནས་ཚན་རིག་ལག་རྩལ་པའི་གླ་ཕོགས་མཐོ་རུ་གཏོང་རྒྱུ།
ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ལས་ཚན་དང་། མཐོ་རིམ་སློབ་གྲྭ། ཁེ་ལས་སོགས་ཀྱིས་རྐང་དབང་དང་། དུས་དབང་། ཁེ་སྤོགས་བགོ་འགྲེམ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཚན་རིག་ལག་རྩལ་པའི་སེམས་ཤུགས་འཕེལ་བར་སྐུལ་ལྕག་གཏོང་རྒྱུ་དང་། གཞུང་ཁོངས་ཁེ་ལས་ཀྱིས་ལོ་ཕོགས་ལམ་ལུགས་དང་། གྲོས་མཐུན་གླ་ཕོགས་ལམ་ལུགས། རྣམ་གྲངས་ཀྱི་གླ་ཕོགས་ལམ་ལུགས་སོགས་བགོ་བཤའ་རྒྱག་སྟངས་སྤྱད་དེ་དགོས་མཁོ་ཆེ་ཞིང་དཀོན་པའི་ཚན་རིག་ལག་རྩལ་ཤེས་ལྡན་པ་དང་མཐོ་རིམ་ཚན་རིག་ལག་རྩལ་ཤེས་ལྡན་པ་སོགས་ལ་གླ་ཕོགས་གཏན་འཁེལ་ལུགས་མཐུན་བཟོ་རྒྱུ།
དོན་ཚན་སོ་བཞི་པ། རང་སྐྱོང་ལྗོངས་ཀྱིས་ཚན་རིག་ལག་རྩལ་པར་རིགས་དབྱེ་དཔྱད་གདེང་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཏེ་རྨང་གཞིའི་ཞིབ་འཇུག་དང་། ཉེར་སྤྱོད་ཞིབ་འཇུག ལག་རྩལ་གསར་སྤེལ། ཚན་རྩལ་འབྲས་བུ་དངོས་སྒྱུར་སོགས་རིགས་མི་འདྲ་བའི་ཚན་རིག་ལག་རྩལ་གྱི་བྱེད་སྒོ་སྤེལ་མཁན་ལ་དཔྱད་གདེང་གི་ཚད་གཞི་དང་བྱེད་ཐབས་མི་འདྲ་བ་ལག་བསྟར་བྱ་རྒྱུ་དང་། གསར་གཏོད་ཀྱི་རིན་ཐང་དང་། ནུས་པ། ལེགས་སྐྱེས་བཅས་ཀྱི་ཁྲིད་ཕྱོགས་མངོན་ཆེར་བཟུང་ནས་གླ་ཕོགས་ཐོབ་ཐང་དང་། རིག་གཞུང་ཐོན་ཁུངས་བཀོད་སྒྲིག དཔྱད་གདེང་དུས་འཁོར་བཟོ་སྒྲིག་བཅས་གཏན་འཁེལ་ལུགས་མཐུན་བྱས་ནས་ཚན་རིག་ལག་རྩལ་པས་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་དང་གསར་གཏོད་བྱེད་པར་ཕན་པའི་ཤེས་ལྡན་པའི་དཔྱད་གདེང་མ་ལག་ཞིག་ཆགས་པ་དང་། ཚན་རིག་ལག་རྩལ་པའི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་སྐུལ་སློང་བྱ་རྒྱུ།
ཤེས་ལྡན་པའི་གཟི་བརྗིད་རང་བཞིན་གྱི་མཚན་སྙན་དེ་རིགས་ཁག་གི་ཚན་རིག་ལག་རྩལ་གྱི་འཆར་གཞིའི་རྣམ་གྲངས་སྒྲུབ་འགན་འཁུར་བ་དང་། ཚན་རིག་ལག་རྩལ་གྱི་བྱ་དགའ་ཐོབ་ཐབས། ལག་རྩལ་གོ་མིང་དཔྱད་འབེབས། ལས་གནས་གདན་ཞུ། གླ་ཕོགས་ཐོབ་ཐང་གཏན་འཁེལ་བཅས་བྱེད་པའི་ཚོད་འཛིན་རང་བཞིན་གྱི་ཆ་རྐྱེན་དུ་བརྩིས་མི་ཆོག
དོན་ཚན་སོ་ལྔ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ལས་རྗེས་མངོན་གསལ་དོད་པ་དང་ལེགས་སྐྱེས་གལ་ཆེན་འབུལ་མཁན་ཚན་རིག་ལག་རྩལ་པར་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆེད་ལས་ལག་རྩལ་གྱི་གོ་གནས་དམིགས་བསལ་རེ་ཞུ་བྱེད་དུ་བཅུག་ཆོག
རིམ་པ་མཐོ་བ་དང་དགོས་མཁོ་ཆེ་ཞིང་ཧ་ཅང་དཀོན་པའི་ཚན་རིག་ལག་རྩལ་གྱི་ཤེས་ལྡན་པ་འདྲེན་འགུགས་བྱེད་པར་རང་སྐྱོང་ལྗོངས་ཀྱི་ཤེས་ལྡན་པ་འདྲེན་འགུགས་ཀྱི་བྱ་ཐབས་སོགས་ལ་གཞིགས་ནས་དེ་མཚུངས་ཀྱི་ལས་གནས་གོ་མིང་ཞིབ་དཔྱད་གཏན་འཁེལ་བྱ་རྒྱུ་དང་། རང་སྐྱོང་ལྗོངས་ཀྱི་ཆེད་ལས་ལག་རྩལ་གྱི་གོ་མིང་རིགས་གྲས་དང་ཆེད་ལས་དཀར་ཆག་གསལ་ཐོའི་ནང་ཚུད་མེད་པའི་དམིགས་བསལ་གྱི་ཚན་རིག་ལག་རྩལ་ཤེས་ལྡན་པའི་རིགས་ལ་དམིགས་བསལ་གྱི་བྱེད་ཐབས་སྤྱད་དེ་དཔྱད་གདེང་བྱ་རྒྱུ།
དོན་ཚན་སོ་དྲུག་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཚན་རིག་ལག་རྩལ་སྲིད་འཛིན་སོགས་འབྲེལ་ཡོད་སྡེ་ཚན་དང་ཁེ་ལས་བྱ་གཞག་ཚན་པས་ངེས་པར་དུ་ཚན་རིག་ལག་རྩལ་དོ་དམ་ཁྱབ་ཁོངས་སུ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གློད་སྡོམ་ཟུང་འབྲེལ། ཞབས་ཞུ་ལེགས་སྒྲིག་བཅས་ཀྱི་བསྒྱུར་བཅོས་ཟབ་སྤེལ་བྱས་ཏེ་ཚན་རིག་ལག་རྩལ་པའི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཚན་རིག་ལག་རྩལ་པའི་རང་བདག་དབང་ཆ་སྔར་བས་ཆེ་རུ་གཏོང་རྒྱུ་དང་། ཞིབ་བཤེར་དང་དཔྱད་དཔོག་བསྐྱར་མ་བྱེད་རིགས་མི་ཡོང་བ་བྱས་ཏེ་ཚན་རིག་ལག་རྩལ་པའི་རྣམ་གྲངས་སྙན་ཞུ་དང་། དཔྱད་ཡིག་གོང་འབུལ། འགྲོ་གྲོན་རྩིས་ཞུ་སོགས་ཐད་ཀྱི་ཁུར་པོ་ཡང་དུ་བཏང་ནས་ཚན་རིག་ལག་རྩལ་པའི་ཚན་ཞིབ་དུས་ཚོད་འགན་སྲུང་བྱེད་དགོས།
དོན་ཚན་སོ་བདུན་པ། རིམ་ཁག་མི་དམངས་སྲིད་གཞུང་དང་། ཁེ་ལས་དང་བྱ་གཞག་ཚན་པས་ངེས་པར་དུ་ཚན་རིག་ལག་རྩལ་པའི་རྒྱུན་མཐུད་སློབ་གསོ་དང་ལེན་ཞུ་བའི་ཁེ་དབང་འགན་སྲུང་བྱེད་དགོས།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ཚན་རིག་ལག་རྩལ་པར་འབུམ་རམས་པ་དང་ཤེས་རམས་པའི་ཞིབ་འཇུག་སློབ་མའི་སློབ་གནས་སྦྱངས་པ་བྱ་རྒྱུར་སྐུལ་ལྕག་བྱས་ཏེ་འཆར་གཞི་ཡོད་པའི་སྒོ་ནས་ཕུལ་བྱུང་ཚན་རིག་ལག་རྩལ་པ་ལེགས་འདེམས་བྱས་ཏེ་ཕྱི་རྒྱལ་གྱི(མངའ་ཁོངས་ཕྱིའི)སློབ་ཆེན་དང་ཚན་རིག་ཞིབ་འཇུག་ལས་ཚན་དུ་ཞིབ་འཇུག་ཟབ་སྦྱོང་གི་སློབ་སྦྱོང་བྱེད་པར་གཏོང་ཆོག རྒྱུན་མཐུད་སློབ་གསོ་དང་ལེན་ཞུ་རིང་དེའི་གླ་ཕོགས་ཐོབ་ཐང་དང་གུང་གསེང་ཐོབ་ཐང་སོགས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལག་བསྟར་བྱ་རྒྱུ།
དོན་ཚན་སོ་བརྒྱད་པ། ཚན་རིག་ལག་རྩལ་པས་དཀའ་ཚེགས་ཆེ་བ་དང་། མཐའ་མཚམས་ས་ཁུལ། གཞི་རིམ་གྱི་འཐབ་ས་དང་པོའམ་ཡང་ན་ཁོར་ཡུག་ཞན་པ་དང་། ཉེན་ཁ་ཆེ་ལ་དུག་ཤེད་དང་གནོད་འཚེ་ཡོད་པ་བཅས་ཀྱི་ཁོར་ཡུག་ནང་ལས་ཀ་བྱེད་མཁན་ལ་དེ་གནས་སའི་ཚན་པས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཁ་གསབ་རོགས་དངུལ་སྤྲོད་དགོས་པ་མ་ཟད། དེ་མཚུངས་ཀྱི་ལས་རིགས་བདེ་ཐང་འཕྲོད་བསྟེན་སྲུང་སྐྱོབ་དང་བདེ་འཇགས་འགན་སྲུང་བྱེད་དགོས། དཀའ་ཚེགས་ཆེ་བ་དང་། མཐའ་མཚམས་ས་ཁུལ། གཞི་རིམ་འཐབ་ས་དང་པོར་ཡོད་པའི་ཚན་རིག་ལག་རྩལ་པར་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གོ་མིང་དཔྱད་ཞིབ་ལོགས་བཀར་བྱས་ཆོག
དོན་ཚན་སོ་དགུ་པ། ན་གཞོན་ཚན་རིག་ལག་རྩལ་པ་དང་། གྲངས་ཉུང་མི་རིགས་ཀྱི་ཚན་རིག་ལག་རྩལ་པ། བུད་མེད་ཚན་རིག་ལག་རྩལ་པ་སོགས་ཆེད་ལས་ལག་རྩལ་གྱི་གོ་གནས་གདན་ཞུའི་འགྲན་རྩོད་བྱེད་པ་དང་། ཚན་རིག་ལག་རྩལ་དཔྱད་གདེང་ལ་ཞུགས་པ། ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་རྣམ་གྲངས་སྒྲུབ་འགན་འཁུར་བ། རྒྱུན་མཐུད་སློབ་གསོ་དང་ལེན་ཞུ་བ་སོགས་ཀྱི་ཐད་འདྲ་མཉམ་གྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད།
རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་འཆར་གཞི་དང་ཤེས་ལྡན་པའི་འཆར་གཞིའི་ནང་ཚན་རིག་ལག་རྩལ་པའི་རེ་ཞུ་བྱེད་མཁན་བུད་མེད་ཀྱི་ལོ་ཚད་འོས་འཚམ་ལྷུག་ཏུ་གཏོང་རྒྱུ། སྦྲུམ་མ་དང་ནུ་ཞོ་སྟེར་དུས་ཀྱི་བུད་མེད་ཚན་རིག་ལག་རྩལ་པར་དཔྱད་ཞིབ་དཔྱད་གདེང་དང་། ལས་གནས་གདན་ཞུ་བཀོལ་སྤྱོད། རྣམ་གྲངས་རེ་ཞུ། དེ་བཞིན་ཕྱོགས་བསྡུས་ལས་རྗེས་དཔྱད་གདེང་སོགས་བྱེད་པའི་བརྒྱུད་རིམ་ནང་དུས་ཚད་བླང་བྱ་འོས་འཚམ་ལྷུག་ཏུ་གཏོང་རྒྱུ།
དོན་ཚན་བཞི་བཅུ་པ། ཚན་རིག་ལག་རྩལ་པས་རང་མོས་ཐོག་འཚོལ་ཞིབ་དང་ཉེན་ཁ་ཁུར་ཕོད་པ་བྱ་རྒྱུར་སྐུལ་ལྕག་གཏོང་རྒྱུ།
ཐོག་མའི་ཟིན་ཐོ་སོགས་འཚོལ་ཞིབ་རང་བཞིན་ཆེ་བ་དང་ཉེན་ཁ་ཆེ་བའི་ཚན་རྩལ་ཞིབ་འཇུག་གསར་སྤེལ་གྱི་རྣམ་གྲངས་སྒྲུབ་འགན་འཁུར་བ་ར་སྤྲོད་ཐུབ་པའི་ཚན་རིག་ལག་རྩལ་པས་འགན་བབ་ཧུར་ཐག་བསྒྲུབས་ཀྱང་ད་དུང་རྣམ་གྲངས་དེ་ལེགས་འགྲུབ་མ་ཐུབ་པའི་རིགས་ལ་འགན་འཁྲི་རྩ་ཡང་གཏོང་རྒྱུ།
དོན་ཚན་ཞེ་གཅིག་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཚན་རིག་ལག་རྩལ་པས་ཁེ་ལས་འཛུགས་པ་དང་། རྣམ་གྲངས་རེ་ཞུ། ཚན་ཞིབ་འགན་སྲུང་། ལག་རྩལ་གོ་མིང་དཔྱད་འདེམས། འབྲས་བུ་དངོས་སྒྱུར་སོགས་བྱེད་པའི་ཐད་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་དགོས་པ་དང་། ཐེམ་འཛུགས་གཞིས་ཆགས་དང་། སྡོད་ཁང་བཀོད་སྒྲིག བུ་ཕྲུག་གི་སློབ་གསོ། སྨན་བཅོས་འགན་ལེན། བཟའ་ཟླ་ལས་ཞུགས། ལག་ཁྱེར་གཉེར་སྒྲུབ་སོགས་བྱེད་པའི་ཐད་ལ་སྟབས་བདེའི་ཞབས་ཞུ་བསྒྲུབས་ཏེ་ཚན་རིག་ལག་རྩལ་པས་ཚན་རྩལ་གསར་གཏོད་བྱེད་སྒོར་སེམས་ནུས་གཙོ་བོ་འཇོག་ཐུབ་པའི་འགན་སྲུང་བྱེད་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རྒྱལ་ཁོངས་ཕྱིའི་ཚན་རིག་ལག་རྩལ་ཤེས་ལྡན་པ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་དབན་ས་ཁུལ་བཅས་ཀྱི་ཚན་རིག་ལག་རྩལ་ཤེས་ལྡན་པ་རང་སྐྱོང་ལྗོངས་སུ་ལས་ཀར་ཡོང་དུས་ཞག་སྡོད་དང་གནས་སྡོད་སོགས་བྱེད་པར་སྟབས་བདེ་སྐྲུན་པའི་བྱ་ཐབས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་དགོས།
ལེའུ་དྲུག་པ། ཁུལ་ཁོངས་ཀྱི་ཚན་རྩལ་གསར་གཏོད་དང་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས།
དོན་ཚན་ཞེ་གཉིས་པ། རང་སྐྱོང་ལྗོངས་ཀྱིས་ཁུལ་ཁོངས་ཀྱི་ཚན་རྩལ་གསར་གཏོད་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཁྱད་ལྡན་ཐོན་ལས་ཀྱི་བར་མཐོངས་ཁྱབ་བཀོད་ལ་དམིགས་ཏེ་ལྷ་སའི་གསར་གཏོད་སྐུལ་སྤེལ་ལྟེ་བའི་ཁུལ་བཏོད་དེ་རུབ་འདུས་དང་དཔེ་སྟོན་གྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གྱིས་ཁུལ་ཁོངས་གསར་གཏོད་མཐུན་སྦྱོར་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ས་ཁུལ་དེ་གའི་ཐོན་ལས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་ཚན་རྩལ་གསར་གཏོད་ལྟེ་བར་བྱས་པའི་གོང་འཕེལ་གཏོང་སྟངས་འཚོལ་ཞིབ་དང་། ཐོན་སློབ་ཞིབ་སྤྱོད་ཀྱི་མཉམ་ལས་བྱེད་སྟངས་གསར་པ་ཁྱབ་གདལ་གཏོང་བ། ཁུལ་ཁོངས་ཀྱི་གསར་གཏོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་གསར་གཏོད་རྣམ་པའི་གྲོང་ཁྱེར་དང་གསར་གཏོད་རྣམ་པའི་རྫོང་(ཆུད་དང་གྲོང་ཁྱེར)འཛུགས་སྐྲུན་བྱེད་དགོས།
དོན་ཚན་ཞེ་གསུམ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ས་མཐོའི་གསར་གཏོད་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་རྒྱལ་ཁབ་ཀྱི་ཁུལ་ཁོངས་གསར་གཏོད་ཀྱི་འཐབ་ཇུས་ཁྱབ་བཀོད་ལ་རང་འགུལ་ངང་འབྲེལ་མཐུད་བྱས་ཐོག་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་དང་ནུས་རྒྱུ་གཙང་མ་གསར་སྤེལ་སོགས་ཀྱི་འཐབ་ཇུས་ལས་འགན་གྱི་གོ་སྐབས་དམ་འཛིན་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་ཚན་རྩལ་གསར་གཏོད་ཞབས་ཞུའི་འདེགས་སྐྱོར་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།
དོན་ཚན་ཞེ་བཞི་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་གཞན་དག་དང་ཚན་རྩལ་གསར་གཏོད་དང་སྤེལ་རེས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་འཆར་འགོད་རྣམ་གྲངས་རྒྱལ་ཡོངས་སུ་སྒོ་མོ་དབྱེ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་ཚན་རྩལ་གསར་གཏོད་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་ས་ཁོངས་བརྒལ་བའི་ཚན་རྩལ་གསར་གཏོད་ཀྱི་ལེགས་ཆ་གསབ་རེས་དང་མཐུན་སྦྱོར་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་དང་ས་ཁུལ་གྱི་རིམ་པ་མང་བའི་ཚན་རིག་ལག་རྩལ་མཉམ་ལས་དང་སྤེལ་རེས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་དང་སྤེལ་རེས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ།
(པར་ངོས་བརྒྱད་པར་གཟིགས)(པར་ངོས་བདུན་པར་མཐུད)
ཁེ་ལས་དང་བྱ་གཞག་ཚན་པ་དང་། སྤྱི་ཚོགས་རྩ་འཛུགས། ཚན་རིག་ལག་རྩལ་པ་བཅས་ཀྱིས་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྣ་ཚོགས་བརྒྱུད་དེ་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་དང་སྤེལ་རེས་བྱེད་པར་སྐུལ་ལྕག་གཏོང་རྒྱུ།
དོན་ཚན་ཞེ་ལྔ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་ཚན་རྩལ་གསར་གཏོད་ཐོན་ཁུངས་བརྩོན་ལེན་བྱས་ཏེ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་བཏང་ནས་ཁྱད་ལྡན་ཐོན་ལས་དང་། ཁྱབ་ཁོངས་གལ་ཆེན། གཙོ་གནད་ཐོན་རྫས། འགག་རྩའི་ལག་རྩལ་བཅས་ལ་རོགས་སྐྱོར་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
དོན་ཚན་ཞེ་དྲུག་པ། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁོངས་ཕྱིའི་ཚན་རིག་ལག་རྩལ་པ་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་འཆར་གཞིའི་རྣམ་གྲངས་ནང་ཞུགས་རྒྱུར་སྐུལ་ལྕག་གཏོང་རྒྱུ།
ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ལས་ཚན་དང་ཚན་རིག་ལག་རྩལ་རྩ་འཛུགས་གཞན་དག་གིས་གོང་འཕེལ་གྱི་དགོས་མཁོར་གཞིགས་ནས་རྒྱལ་ཁོངས་ཕྱིའི་ཚན་རིག་ལག་རྩལ་པ་གདན་ཞུ་བཀོལ་སྤྱོད་བྱས་ཆོག ནོར་སྲིད་རང་བཞིན་གྱི་མ་དངུལ་སྤྱད་དེ་བཙུགས་པའི་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ལས་ཚན་དང་མཐོ་རིམ་སློབ་གྲྭས་རྒྱལ་ཁོངས་ཕྱིའི་ཚན་རིག་ལག་རྩལ་པ་གདན་ཞུ་བཀོལ་སྤྱོད་བྱས་ནས་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ལས་ཀ་བྱེད་རིགས་ལ་ངེས་པར་དུ་དེའི་ལས་ཀ་དང་འཚོ་བར་སྟབས་བདེ་བསྐྲུན་དགོས།
ལེའུ་བདུན་པ། ཞབས་ཞུ་འགན་སྲུང་དང་ལྟ་སྐུལ་དོ་དམ།
དོན་ཚན་ཞེ་བདུན་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ལས་རྗེས་དམིགས་ཚད་ཁྲིད་སྟོན་དུ་བྱས་ཏེ་ནོར་སྲིད་རང་བཞིན་གྱི་གཏོང་ཆ་རྒྱུན་མཐུད་མང་དུ་གཏོང་བ་དང་། ནོར་སྲིད་རང་བཞིན་གྱི་ཚན་རིག་ལག་རྩལ་ལ་མ་དངུལ་གཏོང་བ་དང་དོ་དམ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ནོར་སྲིད་གཏོང་སྒོས་ཁྲིད་སྟོན་དང་། ཁེ་ལས་ཀྱི་གཏོང་ཆས་གཙོ་རྐང་། སྤྱི་ཚོགས་མ་དངུལ་གྱིས་ཐེ་ཞུགས་བཅས་བྱེད་པའི་སྣ་མང་ཅན་གྱི་ཚན་རིག་ལག་རྩལ་གཏོང་སྒོའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།
དོན་ཚན་ཞེ་བརྒྱད་པ། ནོར་སྲིད་རང་བཞིན་གྱི་ཚན་རིག་ལག་རྩལ་གྱི་མ་དངུལ་དེ་གཤམ་གསལ་དོན་དག་ཐད་ལ་གཏོང་ཆོག་པ་སྟེ།
(གཅིག)ཚན་རྩལ་གྱི་འབྲས་བུ་གལ་ཆེན་ནང་འདྲེན་དང་དངོས་སྒྱུར་བྱ་རྒྱུ་དང་དེའི་ནང་བར་རིམ་ཚོད་ལྟ་དང་། དཔེ་སྟོན། ཉེར་སྤྱོད། ཁྱབ་སྤེལ་བྱ་རྒྱུ་བཅས་ཚུད་པ་དང་།
(གཉིས)ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ལས་ཚན་དང་། མཐོ་རིམ་སློབ་གྲྭ ཁེ་ལས་བཅས་ཀྱི་ཚན་རྩལ་གསར་གཏོད་ནུས་པ་ཆེ་རུ་གཏོང་རྒྱུ།
(གསུམ)ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་གལ་ཆེན་དང་། ཚན་རྩལ་གསར་གཏོད་ཀྱི་རྟེན་གཞི། ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་བཅས་འཛུགས་སྐྱོང་བྱ་རྒྱུ།
(བཞི)ཁུལ་ཁོངས་གསར་གཏོད་མ་ལག་འཛུགས་སྐྱོང་བྱ་རྒྱུ།
(ལྔ)ཚན་རིག་ལག་རྩལ་གྱི་རྨང་གཞིའི་ཆ་རྐྱེན་ལས་སྟེགས་དང་སྤྱི་པའི་ཚན་རྩལ་ཞབས་ཞུའི་ལས་སྟེགས་འཛུགས་སྐྱོང་བྱ་རྒྱུ།
(དྲུག)ཚན་རིག་ལག་རྩལ་གོང་འཕེལ་གྱི་འཆར་འགོད་དང་སྲིད་ཇུས་ཞིབ་འཇུག་བྱ་རྒྱུ།
(བདུན)ཚན་རིག་ལག་རྩལ་བྱ་དགའ་སྤྲོད་རྒྱུ།
(བརྒྱད)ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་རྒྱུ།
(དགུ)ཚན་རྩལ་གསར་གཏོད་དང་འབྲེལ་བ་ཡོད་པའི་དོན་དག་གཞན་དག་བཅས་སོ།
དོན་ཚན་ཞེ་དགུ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཐོན་རྫས་གསར་གཏོད་དང་ཞབས་ཞུར་རྒྱབ་སྐྱོར་བྱེད་པའི་སྲིད་གཞུང་གི་ཉོ་སྒྲུབ་སྲིད་ཇུས་དོན་འཁྱོལ་བྱས་ཏེ་སྲིད་གཞུང་གིས་ཐོག་མའི་ཉོ་སྒྲུབ་དང་མངག་ཉོ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཐོག་མའི་སྒྲིག་ཆས(ཆ་ཚང་)དང་། རྒྱུ་ཆ་གསར་པ་ཁག་དང་པོ། པར་ཐེངས་དང་པོའི་མཉེན་ཆས་སོགས་ཚན་རྩལ་གསར་གཏོད་ཐོན་རྫས་དང་ཞབས་ཞུ་ཉེར་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གོང་འཕེལ་བསྒྱུར་བཅོས་དང་། དཔལ་འབྱོར་དང་ཆ་འཕྲིན་ཅན་སོགས་སྡེ་ཚན་གྱིས་ངེས་པར་དུ་དུས་བཀག་ནང་གསར་གཏོད་ཐོན་རྫས་ཁྱབ་གདལ་དང་ཉེར་སྤྱོད་བྱེད་པའི་མཛུབ་ཁྲིད་དཀར་ཆག་ཁྱབ་བསྒྲགས་བྱེད་དགོས་པ་མ་ཟད་འགྱུར་ལྡན་གྱི་ལེགས་སྒྲིག་བྱེད་དགོས།
དོན་ཚན་ལྔ་བཅུ་པ། ནོར་སྲིད་རང་བཞིན་གྱི་མ་དངུལ་སྤྱད་དེ་བཙུགས་པའི་ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་ལས་ཚན་དང་། མཐོ་རིམ་སློབ་གྲྭ ཁེ་ལས་བཅས་ཀྱིས་ཚན་རྩལ་དོ་དམ་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་པ། ཚན་རྩལ་འབྲས་བུ་དངོས་སྒྱུར་གྱི་བྱེད་སྒོ་སྤེལ་བ་བཅས་ཀྱི་བརྒྱུད་རིམ་ཁྲོད་འབྲེལ་ཡོད་འགན་འཁུར་བས་བློ་རྩ་བརྟན་པོས་གསར་གཏོད་དང་འཚོལ་ཞིབ་བྱེད་སྐབས་ཇུས་ཐག་བཅད་ནོར་དང་ཕྱོགས་འཛོལ་བྱུང་ཡང་ལུགས་མཐུན་གྱི་འོས་འགན་ལ་དོ་སྣང་དང་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་བསྒྲུབས་ནས་ཁྲིམས་འགལ་གྱི་ཁེ་ཕན་དོན་གཉེར་བྱས་མེད་པའི་རིགས་ལ་དེའི་ཇུས་ཐག་བཅད་པའི་འགན་འཁྲི་རྩ་ཡང་གཏོང་རྒྱུ།
དོན་ཚན་ང་གཅིག་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་ཚན་རིག་ལག་རྩལ་དང་ནོར་སྲིད་སོགས་སྡེ་ཚན་གྱིས་ངེས་པར་དུ་ནོར་སྲིད་རང་བཞིན་གྱི་ཚན་རིག་ལག་རྩལ་མ་དངུལ་གྱི་ལས་རྗེས་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། མ་དངུལ་བཀོད་སྒྲིག་གི་ལས་ཆོད་དང་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་བཏང་ནས་གཏོང་ཆ་བསྐྱར་ཟློས་དང་གཏོང་ཆ་ཕན་ཆུང་རིགས་མི་ཡོང་བ་བྱེད་དགོས། ནོར་སྲིད་རང་བཞིན་གྱི་ཚན་རིག་ལག་རྩལ་མ་དངུལ་དོ་དམ་དང་བེད་སྤྱོད་བྱས་ཚུལ་ལ་ངེས་པར་དུ་རྩིས་བཤེར་ལས་ཁུངས་དང་ནོར་སྲིད་སྡེ་ཚན་གྱི་ལྟ་སྐུལ་ཞིབ་བཤེར་དང་ལེན་ཞུ་དགོས།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཚན་རིག་ལག་རྩལ་སྲིད་འཛིན་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ནོར་སྲིད་རང་བཞིན་གྱི་མ་དངུལ་སྤྱད་དེ་བཙུགས་པའི་ཚན་རིག་ལག་རྩལ་གྱི་འཆར་གཞི་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཚན་རིག་ཞིབ་འཇུག་རྣམ་གྲངས་ཀྱི་མ་དངུལ་མཐུན་སྦྱོར་དང་། དཔྱད་དཔོག ལྟ་སྡོམ་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས།
དོན་ཚན་ང་གཉིས་པ། རང་སྐྱོང་ལྗོངས་ཀྱིས་ཚན་རིག་ལག་རྩལ་འཆར་གཞིའི་རྣམ་གྲངས་ཀྱི་རིགས་དབྱེ་དོ་དམ་ལམ་ལུགས་དོན་འཁྱོལ་བྱས་ཏེ་རྣམ་གྲངས་ཀྱི་ཕན་འབྲས་དངོས་ལ་དཔྱད་ཞིབ་དཔྱད་གདེང་བྱེད་ཤུགས་ཆེ་རུ་གཏོང་དགོས།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཚན་རིག་ལག་རྩལ་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ནོར་སྲིད་རང་བཞིན་གྱི་མ་དངུལ་སྤྱད་དེ་བཙུགས་པའི་ཚན་རིག་ལག་རྩལ་འཆར་གཞིའི་རྣམ་གྲངས་ཀྱི་ཡིག་ཐོག་རེ་ཞུ་དང་། དཔྱད་ཞིབ། རྣམ་གྲངས་འཛུགས་པ། ལག་བསྟར། ཞིབ་བཤེར་རྩིས་ལེན་བཅས་ཀྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཚན་རིག་ཞིབ་འཇུག་རྣམ་གྲངས་ཀྱི་མ་དངུལ་མཐུན་སྦྱོར་དང་། དཔྱད་དཔོག ལས་རྗེས་དཔྱད་གདེང་། ལྟ་སྡོམ་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཚན་རིག་ལག་རྩལ་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཚན་རྩལ་དོ་དམ་གྱི་ཆ་འཕྲིན་མ་ལག་བཟོ་བ་དང་། དཔྱད་ཞིབ་རིགས་གཅིག་མཁས་ཅན་གྱི་མིང་མཛོད་བཟོས་ནས་ཚན་རིག་ལག་རྩལ་འཆར་འགོད་རྣམ་གྲངས་ཀྱི་རིགས་གཅིག་མཁས་ཅན་གྱི་དཔྱད་ཞིབ་ལམ་ལུགས་དང་དཔྱད་ཞིབ་རིགས་གཅིག་མཁས་ཅན་འདེམས་སྒྲུག་དང་། ཟུར་གཡོལ། གསང་སྲུང་། འགན་འཁྲི་རྩད་གཅོད་བཅས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས།
དོན་ཚན་ང་གསུམ་པ། རང་སྐྱོང་ལྗོངས་ཀྱིས་ཚན་རིག་ལག་རྩལ་གྱི་གསང་སྲུང་ལམ་ལུགས་དོན་འཁྱོལ་བྱས་ཏེ་ཚན་རིག་ལག་རྩལ་གྱི་གསང་སྲུང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཚན་རིག་ལག་རྩལ་གྱི་བྱེད་སྒོ་སྤེལ་སྐབས་ངེས་པར་དུ་ཚན་རིག་ལག་རྩལ་གྱི་གསང་སྲུང་ལམ་ལུགས་ལ་བརྩི་སྲུང་ཞུས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཚན་རིག་ལག་རྩལ་གྱི་གསང་བ་སྲུང་དགོས།
རང་སྐྱོང་ལྗོངས་ཀྱིས་གལ་ཆེའི་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་དང་། རྒྱུད་འཛིན་ཐོན་ཁུངས། གྲངས་འཛིན་ཐོན་ཁུངས་སོགས་ཚན་རིག་ལག་རྩལ་གྱི་ཐོན་ཁུངས་དང་འགག་རྩའི་ལྟེ་བའི་ལག་རྩལ་རྒྱལ་མཚམས་སྒྲོལ་བར་དོ་དམ་བྱེད་པའི་ལམ་ལུགས་ཁྲིམས་ལྟར་ལག་བསྟར་བྱེད་དགོས།
དོན་ཚན་ང་བཞི་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཚན་རིག་ལག་རྩལ་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཚན་ཞིབ་ཡིད་རྟོན་གྱི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཚན་ཞིབ་ཡིད་རྟོན་དོ་དམ་གྱི་ཆ་འཕྲིན་མ་ལག་བཙུགས་ནས་ཚན་ཞིབ་ཡིད་རྟོན་གྱི་གནས་ཚུལ་དེ་ཚན་རིག་ལག་རྩལ་པ་ཆེད་ལས་ལག་རྩལ་གྱི་གོ་གནས་སམ་ཡང་ན་གོ་མིང་གདན་ཞུ་དང་། ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་རྣམ་གྲངས་ཀྱི་མཆན་འགོད། ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པ་སོགས་ཀྱི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས།
ཚན་རིག་ལག་རྩལ་བྱེད་སྒོའི་དོ་དམ་ཚད་གཞི་ལས་ཚབས་ཆེན་འགལ་བའི་རྩ་འཛུགས་དང་མི་སྒེར་ལ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཚན་ཞིབ་ཡིད་རྟོན་དོ་དམ་ཆ་འཕྲིན་མ་ལག་ནང་འཇུག་དགོས་པ་མ་ཟད། ཚན་རིག་ལག་རྩལ་རྣམ་གྲངས་རེ་ཞུ་དང་སྲིད་གཞུང་གི་ཉོ་སྒྲུབ་སོགས་ཐད་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་མཉམ་དུ་ཆད་གཅོད་བསླབ་སྡོམ་བྱེད་དགོས།
ལེའུ་བརྒྱད་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་ང་ལྔ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ཚན་རིག་ལག་རྩལ་ཡར་ཐོན་བྱེད་སྒོར་སྤྱོད་རྒྱུའི་ནོར་སྲིད་རང་བཞིན་གྱི་མ་དངུལ་བཀོད་སྒྲིག་བྱས་མེད་པའམ་ཡང་ན་གཏན་འབེབས་ལྟར་བཀོད་སྒྲིག་བྱས་མེད་པའི་རིགས་ལ་གོང་རིམ་མི་དམངས་སྲིད་གཞུང་ངམ་ཡང་ན་འབྲེལ་ཡོད་སྡེ་ཚན་གྱིས་ཡོ་བསྲང་བྱེད་འགན་དཀྲི་དགོས་པ་དང་། ཡོ་བསྲང་མི་བྱེད་མཁན་ལ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱེད་དགོས་པ་མ་ཟད། ཐད་ཀའི་གཙོ་འགན་འཁུར་མཁན་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས།
དོན་ཚན་ང་དྲུག་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཚན་རིག་ལག་རྩལ་སྲིད་འཛིན་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ཚན་རིག་ལག་རྩལ་སྲིད་འཛིན་དོ་དམ་གྱི་འགན་འཁྲི་བཅའ་ཁྲིམས་ལྟར་མ་བསྒྲུབས་པར་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ཚེ། ཐད་ཀའི་གཙོ་འགན་འཁུར་མཁན་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས།
དོན་ཚན་ང་བདུན་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་རིགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ཡོད་མུས་ཡིན་ཚེ་དེ་བཞིན་ལག་བསྟར་བྱེད་དགོས།
ལེའུ་དགུ་པ། ཞར་བྱུང་།
དོན་ཚན་ང་བརྒྱད་པ། བྱ་ཐབས་འདི་2026ལོའི་ཟླ་4ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)