《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年07月31日

ཧུའུ་ནན་བོད་སྐྱོར་ལས་དོན་ཚོགས་ཆུང་གིས།

ཟངས་རི་རྫོང་ལ་སྒོར་ཁྲི་10ལྷག་ཙམ་རི་བའི་སྨན་བཅོས་དངོས་ཟོག་ཞལ་འདེབས་བརྒྱབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ཧུའུ་ནན་ཞིང་ཆེན་གཡོད་དབྱང་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་མཐུན་སྦྱོར་བྱས་པ་བརྒྱུད། གཡོད་དབྱང་གྲོང་ཁྱེར་ཧྲའོ་དབྱང་ཚོང་ཚོགས་ཀྱིས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ལ་སྒོར་ཁྲི་10ལྷག་ཙམ་རི་བའི་སྨན་བཅོས་དངོས་ཟོག་ཞལ་འདེབས་བརྒྱབ་སྟེ། སྨན་བཅོས་རོགས་སྐྱོར་གནད་སྨིན་ལ་བརྟེན་ནས་མཐའ་མཚམས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་གཞོགས་འདེགས་བྱས་པ་རེད།

ད་རེས་ཀྱི་ཞལ་འདེབས་དངོས་ཟོག་དག་ཟངས་རི་རྫོང་གི་གཞི་རིམ་སྨན་བཅོས་ཀྱི་ཁ་ཐང་བའི་ཁྱབ་ཁོངས་ལ་ཕྱོགས་པས། དམིགས་སའི་རང་བཞིན་ཆེ་ལ་སྤྱོད་གོ་ཆོད་ཅིང་། དེའི་ནང་ཕོ་འཁྲུད་འཕྲུལ་ཆས་དང་མཁའ་རླུང་རླབས་གནོན་སྨན་བཅོས་ཡོ་བྱད་སོགས་གཞི་རིམ་འཕྲོད་བསྟེན་ཁང་དུ་ཡུན་རིང་ཁ་ཐང་བའི་གཙོ་གནད་སྨན་བཅོས་སྒྲིག་ཆས་དང་དེ་བཞིན་ས་མཐོའི་ཁོར་ཡུག་དང་འཚམ་པ་དང་ས་གནས་དེ་གའི་རྒྱུན་མཐོང་ནད་དང་གཅོང་ནད་ལ་དམིགས་པའི་ཆེད་དོན་སྨན་བཅོས་ཀྱི་སྨན་རྫས་དང་སྨན་སྤྱོད་ཟད་གྲོན་རྒྱུ་ཆ་ཁག་གཅིག་བཅས་ཚུད་ཡོད། དངོས་ཟོག་དམིགས་སར་འབྱོར་རྗེས་ཐག་རིང་འབྲོག་ཁུལ་གྱི་སྨན་བཅོས་སྒྲིག་ཆས་མི་འདང་བར་ཁ་གསབ་ནུས་ལྡན་བྱེད་པ་དང་། གཞི་རིམ་གྱི་སྨན་བཅོས་བྱ་ཐབས་ཕུན་སུམ་ཚོགས་སུ་གཏོང་བ། ཤང་གྲོང་འཕྲོད་བསྟེན་ཁང་གི་རྨང་གཞིའི་སྨན་བཅོས་དང་གཅོང་ནད་སྐྱོབ་བཅོས་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། ས་མཐོའི་ཞིང་འབྲོག་མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་རྩར་གནད་སྨིན་དང་། ནུས་ཆེ། སྟབས་བདེ་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་བྱས་ནས་མཐའ་མཚམས་སྨན་བཅོས་འགན་ལེན་གྱི“མཐའ་མའི་འགག་གནད་གཅིག”ཤར་གཏོང་གང་ལེགས་ཐུབ་རྒྱུ་རེད།

(གནམ་ཕྱུག་རྒྱལ་གྱིས་སྒྱུར་ཞུས་བྱས)