《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年07月31日

བློ་སེམས་གཅིག་ཏུ་བསྒྲིལ། བདེ་སྐྱིད་ལེའུ་གསར་བརྩམས།

——ཤང་དབྱང་གྲོང་ཁྱེར་གྱི་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་བརྩེ་བ་ཟབ་མོས་དམངས་ལ་བདེ་སྐྱིད་བསྐྲུན་པ།

2025ལོའི་ཟླ་7པར། ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གྱི་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་བོད་སྐྱོར་གྱི“རྒྱུག་མཐུད་དབྱུག་པ”བླངས་ཤིང་། ཧན་ཅང་གཙང་འགྲམ་ནས་ཡར་ཀླུང་ལུང་གཞུང་གི་བར་དུ། ཕ་ཡུལ་མི་དམངས་ཀྱི་བརྩེ་བ་ཟབ་མོ་རུམ་གང་ཁྱེར་ནས་ཆ་སྙོམས་ས་བབ་སྨི་3900ཟིན་པའི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དུ་ཡོང་སྟེ། འབད་འབུངས་ཡར་བརྩོན་དང་ཐེག་པ་ཁུར་ལེན་གྱིས་སེམས་པ་གཅིག་མཐུན་དང་མཛེས་སྡུག་མཉམ་གཏོད་ཀྱི་དུས་རབས་ཀྱི་ལེའུ་གསར་མུ་མཐུད་རྩོམ་བཞིན་ཡོད།

“སླེབས་ཚར་ན་ཏན་ཏན་ཏིག་ཏིག་གིས་དཀའ་གནད་སེལ་བ་དང་བྱ་བ་དངོས་སྒྲུབ་དགོས”

“བོད་སྐྱོར་དུ་ཡོང་བ་ནི‘མཛེས་ལྗོངས་ལ་ལྟ་བར’ཡོང་བ་མིན་པར‘དཀའ་གནད་སེལ་བར’ཡོང་བ་ཡིན”ཞེས་པའི་སྐད་ཆ་དེ་ནི་འཕྱོངས་རྒྱས་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཞུང་ཧུའེ་ཡིས་བཤད་པ་ཞིག་རེད།

ཞུང་ཧུའེ་བོད་དུ་མ་ཡོང་གོང་ཤང་དབྱང་གྲོང་ཁྱེར་ཀུའུ་ཁྲེང་རྫོང་མི་དམངས་སྨན་ཁང་གི་ཕྱི་བཅོས་ཚན་ཁག་དཀྱུས་མའི་གཙོ་བཅོས་སྨན་པ་གཞོན་པ་རེད། བོད་དུ་འབྱོར་རྗེས་ཁོང་གིས་འཕྱོངས་རྒྱས་རྫོང་མི་དམངས་སྨན་ཁང་གི་ཕྱི་བཅོས་ཚན་ཁག་གི་སྟོབས་ཤུགས་ཞན་པ་དང་། དོད་དྲག་རང་བཞིན་གྱི་ནད་གཞི་ཕོག་པའི་ནད་པར་བརྟག་དཔྱད་གསལ་པོ་མི་ཐུབ་སྟབས། སྤྱི་ལེ་30ལྷག་ཙམ་གྱི་སར་ཡོད་པའི་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་མི་འགྲོ་ཀ་མེད་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་བ་རེད།

2025ལོའི་ཟླ་8ཚེས་14ཉིན་གྱི་མཚན་མོར། འཕྱོངས་རྒྱས་རྫོང་མི་དམངས་སྨན་ཁང་གི་འཕྲལ་བཅོས་ཚན་ཁག་གིས་དོད་དྲག་རང་བཞིན་གྱི་རྒྱུ་ལྷག་ལ་གཉན་ཚད་ཕོག་པའི་ནད་པ་2བསྡུས་ཤིང་། ཞུང་ཧུའེ་ཡིས་བློ་ཐག་ཆོད་པོས་ཚོགས་པའི་སྣེ་ཁྲིད་ནས་གཤགས་བཅོས་ཁང་དུ་བསྐྱོད། གཤགས་བཅོས་དང་པོ་མཇུག་འགྲིལ་བའི་སྐབས་སུ་དགོང་མོའི་ཆུ་ཚོད་11ཡོལ་ཟིན། ངལ་གསོ་རྩིས་བྱེད་སྐབས་ནད་པ་གཞན་དེའི་ནད་གཞི་གློ་བུར་དུ་ཚབས་ཆེ་རུ་སོང་ནས་ལམ་སེང་གཤགས་བཅོས་བྱེད་དགོས་ཀྱི་ཡོད།

ཡིན་ནའང་སྐབས་དེར་སྨན་ཁང་དུ་གསུས་ཤེལ་ཡོ་བྱད་ཆ་ཚང་གཅིག་རང་ལས་མེད། “མགྱོགས་པོ་དུག་སེལ་གྱིས། མི་ཚང་མ་རང་སར་སྒུག་སྡོད་རོགས”ཞེས་ཞུང་ཧུའེ་ཡིས་འཕྲལ་ཐག་ཆོད་པོས་བཤད། མཚན་གུང་གི་ཆུ་ཚོད་གཉིས་དང་ཕྱེད་ཀར་དུག་སེལ་ཚར་བའི་ཡོ་བྱད་ཡང་བསྐྱར་སྤྱོད་འགོ་ཚུགས། གཤགས་བཅོས་གཉིས་པ་ཚར་སྐབས་ནམ་ཡང་ལངས་ལ་ཉེ།

མཚན་མོར་ལས་གནས་བརྟན་སྲུང་འདི་ལྟ་བུ་བྱེད་པ་ནི་བོད་སྐྱོར་ལས་དོན་རུ་ཁག་ཏུ་རྒྱུན་གཏན་གྱི་བྱ་བ་ཞིག་ཡིན་ཞིང་། ཤང་དབྱང་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་གི་མོ་ནད་བུ་བཙའ་ཚན་ཁག་གི་གཙོ་བཅོས་སྨན་པ་དབྱང་ཞའོ་ཡན་གྱིས་འཕྱོངས་རྒྱས་རྫོང་མི་དམངས་སྨན་ཁང་གི་མོ་ནད་བུ་བཙའ་ཚན་ཁག་ལ་ཁ་གཏད་རོགས་སྐྱོར་བྱས་ཤིང་། ཁོང་གིས་གཟའ་འཁོར་གཅིག་ལ་འཕྱོངས་རྒྱས་རྫོང་གི་སྲིད་འཛིན་གྲོང་ཚོ་5ལ་བསྟུད་མར་བསྐྱོད་དེ། ཞིང་འབྲོག་པའི་གཟུགས་པོར་བརྟག་དཔྱད་དང་བུ་བཅོལ་ཁང་གི་ཕྲུ་གུའི་མིག་ལ་བརྟག་དཔྱད་བྱས་ཡོད། ལམ་ཐག་རིང་ལ་གསོ་རླུང་མི་འདང་ཡང་ཁོང་གིས་སྔར་བཞིན་གོམ་པ་སྤོ་མཚམས་འཇོག་མྱོང་མེད། “དེ་གའི་ཞིང་འབྲོག་མང་ཚོགས་ལ་ང་ཚོ་མཁོ་ཆེ་བ་དང་། ཕྲུ་གུ་ཚོས་ཀྱང་ང་ཚོ་སྒུག་ནས་བསྡད་ཡོད”ཅེས་དབྱང་ཞའོ་ཡན་གྱིས་བརྗོད།

བོད་སྐྱོར་ནི“གཞན་བརྟེན”ཁོ་ན་མིན་པར་དེ་བས“རང་འགུལ”བྱེད་དགོས། 2025ལོའི་ཟླ་12ཚེས་18ཉིན། ཞུང་ཧུའེ་ཡིས་གཙོ་ཁྲིད་བྱས་ནས་སྐུལ་འདེད་བཏང་བའི་འཕྱོངས་རྒྱས་རྫོང་ནད་དཔེའི་སྤུས་ཚད་དོ་དམ་ཚོད་འཛིན་ལྟེ་གནས་དངོས་སུ་བཙུགས་པ་དེ་ནི་ལྷོ་ཁ་གྲོང་ཁྱེར་གྱི་ཁག་དང་པོའི་རྫོང་རིམ་པའི་ནད་དཔེའི་སྤུས་ཚད་ཚོད་འཛིན་ལྟེ་གནས་གཉིས་ནས་གཅིག་ཤོས་དེ་རེད།

“ཕྲུ་གུ་ཚང་མའི་མིག་ནང་རེ་བ་ཡོད་པ་དང་སེམས་ནང་སེམས་ཤུགས་ཡོད་པ་བྱེད་དགོས”

སློབ་གསོ་ནི་མི་རབས་མང་པོའི་དབུལ་ཕོངས་ཀྱི་རྩ་བ་གཅོད་པའི་ཐབས་ཇུས་ཤིག་རེད།

2025ལོའི་ཟླ་8པར། ཤང་དབྱང་གྲོང་ཁྱེར་སློབ་འབྲིང་སོ་ལྔ་པའི་སློབ་སྤྱི་གཞོན་པ་ཝང་པོ་འཕྱོངས་རྒྱས་གྲོང་རྡལ་སློབ་ཆུང་དུ་ཡོང་ནས་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར། ཧུའུ་པེའི་དགེ་རྒན་གྲགས་ཅན་ཞིག་ནས་གངས་ལྗོངས་ཀྱི་སློབ་གྲྭ་ཆུང་བའི་དགེ་རྒན་བར་དུ་ཁོང་གིས“གནད་སྨིན་སློབ་ཁྲིད”ཀྱི་འདུ་ཤེས་ས་མཐོར་ཁྱབ་གདལ་བཏང་།

“སློབ་སྦྱོང་གི་ངོ་བོ་ནི་རང་འགུལ་ངང་ཤེས་བྱ་སྦྱོང་བ་དང་ནུས་པ་སྐྱེད་སྲིང་བྱེད་རྒྱུ་དེ་རེད”ཅེས་ཝང་པོ་ཡིས་བརྗོད་དོན་གཙོ་བོའི་ཏང་གི་སློབ་ཚན་ཐོག་དགེ་རྒན་ཚོར་སྔོན་ཐོན་གྱི་སློབ་ཁྲིད་འདུ་ཤེས་ལ་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བརྒྱབ། དེ་བས་སྤྲོ་བ་འཕེལ་འོས་པ་ཞིག་ནི་ཧུའུ་པེ་རིག་གནས་དང་རང་བྱུང་ཚན་རིག་ཚན་ཁག་སློབ་གླིང་གི་ཁག་ཉི་ཤུ་པའི“སྐལ་བཟང་མེ་ཏོག”བོད་སྐྱོད་སློབ་སྐྱོར་ཚོགས་པས་འཕྱོངས་རྒྱས་རྫོང་སློབ་འབྲིང་དུ་བཙུགས་པའི“ཚན་རྩལ་གསར་གཏོད་ཁང”གི་སློབ་ཁང་གཉིས་པ་རེད།

སློབ་ཚན་ཐོག་3Dཔར་འདེབས་ཀྱིས་སློབ་མ་ཚོའི་ཡིད་དབང་འཕྲོག ཁོང་ཚོས་རང་ཉིད་ཀྱིས་ཇུས་འགོད་བྱས་པའི་བརྩམས་ཆོས་དག་རིམ་བཞིན་མངོན་པ་མཐོང་སྐབས་རང་དབང་མེད་པར་ལག་པས་རེག་པར་ཐལ། “ཁོང་ཚོར་ཤེས་བྱ་གཏིང་ཟབ་པོ་མང་པོ་ཁྲིད་ཐུབ་ཅེས་བརྗོད་མི་ཕོད་ཀྱང་ཁོང་ཚོའི་མིག་ནང་རེ་བས་ཁེངས་པ་དང་སེམས་ནང་སེམས་ཤུགས་ཡོད་པ་བྱུང་ཚེ་ང་ཚོ་ད་རེས་བོད་དུ་ཡོང་བའི་དམིགས་ཡུལ་འགྲུབ་པ་རེད”ཅེས་སློབ་སྐྱོར་རུ་མི་ཝང་དབྱི་ཡིས་བརྗོད།

ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོ་ནས་ད་བར“སྐལ་བཟང་མེ་ཏོག”སློབ་སྐྱོར་རུ་ཁག་གིས་ཁག་20ཡི་སློབ་ཆེན་སློབ་མ་མི་ཐེངས་103འཕྱོངས་རྒྱས་སུ་སློབ་སྐྱོར་བྱེད་པར་བཏང་བ་དང་རིམ་རྩིས་བརྒྱབ་ན་ཞབས་ཞུའི་དུས་ཡུན་ཆུ་ཚོད་ཁྲི་1ལྷག་ཙམ་ཟིན་ཡོད། 2025ལོར་སློབ་སྐྱོར་ཚོགས་པ་ཁག་བཅུ་དགུ་པར་འཕྱོངས་རྒྱས་རྫོང་གི“སློབ་གསོར་མཐོང་ཆེན་བྱེད་མཁན་ཚན་པའི”གཟི་བརྗིད་མཚན་སྙན་ཐོབ།

“ལས་ཀའི་གྲུབ་འབྲས་དངོས་ལ་བརྟེན་ནས་མཐུན་སྒྲིལ་མེ་ཏོག་སྐྱོང”

2025ལོའི་ཟླ་12པར། ཤང་དབྱང་བོད་སྐྱོར་ལས་དོན་རུ་ཁག་གིས་ནང་འདྲེན་བྱས་པའི་མཉམ་སྤྱོད་གློག་འཁོར་རྣམ་གྲངས་ལ་དངོས་སུ་མིང་རྟགས་བཀོད་དེ་འཕྱོངས་རྒྱས་རྫོང་གི་ལམ་ཐག་ཐུང་བའི་སྤྱི་སྤྱོད་འགྲིམ་འགྲུལ་གྱི་སྟོང་ཆ་བསྐངས།

དམངས་འཚོའི་བྱ་བ་དངོས་སེམས་ལ་བཞག་ནས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་བཏང་ཞིང་། ཤང་དབྱང་བོད་སྐྱོར་ལས་དོན་རུ་ཁག་གིས་ལྷད་མེད་བརྩེ་སེམས་ལ་བརྟེན་ནས་དམངས་ཕན་གྱི་བྱ་བ་དངོས་ཡག་པོ་བསྒྲུབས་ཏེ། རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོའི་གཅིག་སྡུད་གསོ་རླུང་མཁོ་འདོན་རྣམ་གྲངས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་བ་དང་། ཨར་སྐྲུན་གད་སྙིགས་ཐོན་ཁུངས་ཅན་གྱི་སྒོ་ནས་ཐག་གཅོད་བྱེད་པར་མཐུན་སྦྱོར་བྱས་པ། རྒྱལ་ལམ་560རྒྱུད་ཀྱི་རི་ཉིལ་བའི་མངོན་མེད་རྐྱེན་ངན་ལ་བཅོས་སྒྲིག་བྱེད་པའི་ལས་དོན་ནང་ཞུགས་པ། ནང་འདྲེན་བྱས་པའི་བོད་ལྗོངས་དགུང་སྔོན་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སིའི“ས་མཐོའི་རིག་གནས་ཡུལ་སྐོར་བར་སྣང་གི་དམངས་སྲོལ་གནས་ཚང་སྒར་སའི”རྣམ་གྲངས་ལ་ཀྲུང་གོའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེ་མོ་སྐབས་བཅུ་བཞི་པའི་བོད་ལྗོངས་འགྲན་ཁུལ་གྱི་བྱ་དགའ་རིམ་པ་གཉིས་པ་ཐོབ་པ། བོད་ཀྱི་བོད་མིའི་འབྱུང་ཁུངས་རིག་ནུས་བཟོ་སྐྲུན་ཚད་ཡོད་ཀུང་སི་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཚད་གཞིའི་ནང་གྲུབ་འབྲས་ཐོབ་པའི་ངང་ཚུད་ནས་ཤང་དབྱང་གིས་བོད་ལ་རོགས་སྐྱོར་བྱས་ནས་ལོ་32སོང་རིང་ཚད་གཞི་དེའི་ནང་ཚུད་པའི་ཁེ་ལས་དང་པོར་གྱུར་ཡོད། དངོས་སྒྲུབ་ཀྱི་བྱེད་ཐབས་རེ་རེ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་རེ་རེ་ལས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན།

ད་ལོའི་ཟླ་གསུམ་པར། “སྐལ་བཟང་མེ་ཏོག”སློབ་སྐྱོར་ཚོགས་པའི་ཚོགས་མིས་འཕྱོངས་རྒྱས་རྫོང་བུ་བཅོལ་ཁང་དུ་བསྐྱོད་དེ་ཕྲུ་གུ་ཚོའི་སྣེ་ཁྲིད་ནས་བཅིངས་འགྲོལ་དམག་གི་དམག་ཞྭ་བཟོས། “ཕྲུ་གུ་ཚོས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་དམག་ཞྭ་བཟོ་བའི་རྣམ་པ་དང་དམག་ཞྭ་གྱོན་རྗེས་ཀྱི་རེ་བས་ཁེངས་པའི་མིག་ཟུང་མཐོང་སྐབས། ང་ཚོར་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་སྙིང་སྟོབས་ཀྱི་རྩ་བ་གངས་ལྗོངས་ས་མཐོར་ཚུགས་ནས་མྱུ་གུ་འབུས་པའི་སྟོབས་ཤུགས་སུ་འགྱུར་བའི་མྱོང་ཚོར་ཟབ་མོ་བྱུང”ཞེས་སློབ་སྐྱོར་རུ་མི་ལུའུ་ཅ་ཡིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བརྗོད།

ད་ལོའི་ཟླ་གསུམ་པར། རྒྱལ་སྤྱིའི་ཐའེ་ཅི་དྲག་རྩལ་ཉིན་མོའི་སྐབས་སུ་རྒྱུན་དུ་ལུས་སྦྱོང་ལ་དགའ་བའི་བོད་སྐྱོར་དགེ་རྒན་ཝང་པོ་ཡིས་ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ལ་ལུས་སྦྱོང་བྱེད་སྟངས་བསླབས་པ་དང་། “སྐལ་བཟང་མེ་ཏོག”གི་རུ་མིས་བརྒྱུད་རིམ་ཧྲིལ་པོར་གཞོགས་འདེགས་བྱས་ནས་བོད་སྐྱོར་ལས་བྱེད་པར་ས་མཐོར་གཟུགས་པོ་མི་འཕྲོས་པའི་གནས་ཚུལ་སེལ་རོགས་བྱས། ཝང་པོ་ཡིས“ས་མཐོར་ལས་ཀ་བྱེད་པར་གཟུགས་གཞི་ནི་གསར་བརྗེའི་མ་རྩ་ཡིན། བདེ་ཐང་གི་གོམས་གཤིས་འཇགས་ཚེ་གཞི་ནས་ས་མཐོར་རྩ་བ་ཚུགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་ཐུབ”ཅེས་བརྗོད།

ད་ལོའི་ཟླ་གསུམ་པར། ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པའི་ཏང་ཡོན་གྱི་ཚོགས་ཆེན་ཐོག་ཐུན་མོང་གི་ངོས་འཛིན་ཞིག་བྱུང་བ་དེ་ནི་རུ་མི་ཡོངས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་པ་ཞིག་རེད་ལ། ཁོང་ཚོས་ས་མཐོར་རྩ་བ་ཚུགས་པ་དང་མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བློ་བརྟན་འགྱུར་མེད་ཀྱི་བྱ་སྤྱོད་ཅིག་དེ་བས་ཀྱང་རེད།

(སྤེན་ཚེ་དང་། ཉི་དོན། དབང་སྒྲོན་སྐྱིད། ཟླ་བ་ཕུར་སྒྲོན་བཅས་ཀྱིས་སྒྱུར་ཞུས་བྱས)