འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་29ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའི་གཞུང་དོན་ཁང(གཤམ་དུ“ལྗོངས་འབྲུབ་འགོག་གཞུང་དོན་ཁང”ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་བར། འབྲུབ་དུས་གཙོ་བོ་དང་ལྷག་པར་དུ་ཟླ་བདུན་པའི་ཟླ་སྨད་དང་ཟླ་བརྒྱད་པའི་ཟླ་སྟོད་བར་གྱི་འབྲུབ་འགོག་གི་འགག་རྩའི་དུས་སུ་སླེབས་པས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་མིག་སྔའི་འབྲུབ་འགོག་ལས་དོན་ལ་འཕྲད་པའི་ཛ་དྲག་གི་དུས་བབ་སྟངས་འཛིན་བྱས་ཏེ་གཙོ་གནད་ཁུལ་མངོན་གསལ་དོད་པ་དང་། འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་པ། འབྲུབ་འགོག་ལས་དོན་ལ་སླར་ཡང་བཀོད་སྒྲིག་བཅས་བྱས་ནས་མི་སྣ་ཤི་རྨས་མི་ཡོང་བ་དང་། ཆུ་མཛོད་མི་ཤོར་བ། ཆུ་རགས་གལ་ཆེན་གྱི་རགས་ཁ་མི་ཤོར་བ། རྨང་གཞིའི་སྒྲིག་བཀོད་གཙོ་བོར་གཏོར་སྐྱོན་མི་ཕོག་པ་བཅས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས།
ད་ལོའི་འབྲུབ་དུས་གཙོ་བོར་ལྗོངས་ཡོངས་ཀྱི་དྲོད་ཚད་རྒྱུན་མཐུད་མཐོ་ཙམ་ཡོད་པ་དང་། ཆར་པ་འབབ་ཚད་ཤར་རྒྱུད་དུ་མང་ཞིང་ནུབ་རྒྱུད་ལ་ཉུང་བ། ཐན་ཞོད་གཉིས་ཀ་ཐོན་པ། འཁྱགས་རོམ་དང་གངས་བཞུར་བ་དང་། འཁྱགས་མཚོའི་ཆུ་ཁ་ཤོར་བ། ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེའི་ཉེན་ཁ་ཆེ་བ་བཅས་ཡོད་པ་རེད།
“ང་ཚོས་བཀོད་སྒྲིག་ཁག་དོན་འཁྱོལ་ནན་པོ་བྱས་ནས་ལྟེ་བའི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་ཀྱི་ཡོད”ཅེས་ལྗོངས་འབྲུབ་འགོག་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་བརྗོད་ཅིང་།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
ཁོང་གིས་འཁྱགས་མཚོ་དང་། རོང་ཤུར། གཡང་གཟར་དང་ཆུ་བོའི་འགྲམ་གྱི་གྲོང་ཚོ། ཨར་སྐྲུན་བྱ་ཡུལ། རྒན་གསོའི་སྒྲིག་གཞི་སོགས་ཉེན་ཁ་ཆེ་བའི་གནས་ལ་དམིགས་ནས་ས་ཁོངས་ཡོངས་སུ་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ་འབྱུང་རྩ་ནས་ཉེན་ཁ་སེལ་བ་དང་། འགན་འཁྲི་དང་། སྔོན་ཇུས། དངོས་ཟོག དཔུང་ཁག ལས་རེས། ནང་སྦྱོང་བཅས་ལྷུ་ཚིགས་ཡོངས་སུ་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་དང་། སྔོན་བརྡ་དང་། སྤོ་སྒྱུར། ཉེན་སེལ། གེགས་སེལ་ཐག་གཅོད་བཅས་ཀྱི་སྦྲེལ་ཐག་འཐུས་སྒོ་ཚང་དུ་གཏོང་བ། དྲག་ཆར་དང་ཆུ་ལོག་ལས་ཐོན་པའི“ཆད་པ་གསུམ”གྱི་སྣང་ཚུལ་ལ་དམིགས་ནས་འཕྲིན་གཏོང་སྒྲིག་ཆས་དང་ཉེན་སེལ་སྟོབས་ཤུགས་སྔོན་ནས་བཀོད་སྒྲིག་བྱས་ཏེ་ཐག་རིང་ལུང་ཁུག་ས་ཁོངས་ལ་བཀོད་འདོམས་བྱེད་ཐུབ་པའི་འགན་ལེན་བྱེད་པ། མི་མེད་གནམ་གྲུ་ཆེ་འབྲིང་གིས་ས་ཁོངས་ཡོངས་ཀྱི་འཁྱགས་མཚོར་མཉམ་དུ་སྐོར་ཞིབ་བྱ་རྒྱུ་སྒྲིག་འཛུགས་བྱེད་པ། སྔོན་བརྡ་གཏོང་བའི་བརྒྱུད་རིམ་ཚད་ལྡན་དུ་བཏང་ནས་སྔོན་བརྡ་དང་ལེན་དང་ཨ་ལན་སློག་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་སྤོ་བའི་གསལ་ཐོ་བཟོས་ནས“སུས་སྤོས་པ་དང་། སུས་སྒྲིག་འཛུགས་བྱེད་པ། ག་དུས་སྤོ་བ། གང་དུ་སྤོ་བ། སྤོས་རྗེས་དོ་དམ་ཇི་ལྟར་བྱེད་པ”བཅས་ཀྱི་འགག་རྩའི་ལྷུ་ཚིགས་ལྔ་ཞིབ་ཕྲ་བཟོ་བ་དང་། རྒན་འཁོགས་དང་། གཟུགས་པོ་ཞན་པོ། ནད་པ། དབང་པོ་སྐྱོན་ཅན། སྦྲུམ་མ་བཅས་གཙོ་གནད་མི་ཚོགས“གཅིག་གཏད་གཅིག”གི་འགན་གཙང་འགན་ལེན་དོན་འཁྱོལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཀྱི་མཐའ་ཚད་སྲུང་གི་ཡོད་ཅེས་བརྗོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ལྗོངས་ཡོངས་ཀྱི་ཆ་སྙོམས་དྲོད་ཚད་རྒྱུན་གཏན་ལས་0.9℃ཡིས་མཐོ་བ་ཡོད་པ་དང་ཆ་སྙོམས་ཆར་པ་འབབ་ཚད་8.5%ཉུང་བ་ཡོད། ཡར་ཀླུང་གཙང་པོ་སོགས་ཆུ་བོ་རྒྱུག་ཚད་སྙོམས་པ་དང་། མྱང་ཆུ་དང་ཉང་ཆུའི་ཆུ་ཁ་བཅུ་ཆ་གཉིས་ཙམ་མཐོ་རུ་ཕྱིན་པ། གླང་ཆེན་གཙང་པོའི་ཆུ་ཁ་བཅུ་ཆ་བཞི་ཙམ་ཉུང་བ། རྒྱུག་ཁུལ་ཁག་གཅིག་གི་ཆུ་ལོག་འགོག་པའི་གནོན་ཤུགས་མངོན་གསལ་དོད་དུ་ཕྱིན་པ་བཅས་རེད།
གནས་ཚུལ་དེ་དག་ལ་དམིགས་ཏེ་རང་ལྗོངས་ཀྱི་སྡེ་ཚན་ཁག་གིས་གཙོ་གནད་ལས་དོན་ཁག་བརྒྱད་མཉམ་དུ་དོན་འཁྱོལ་བྱེད་པ་དང་རིམ་ལྔའི་འགན་འཁྲིའི་འབྲེལ་ཐག་ནན་དུ་གཏོང་བ་དང་། ལོ་འཁོར་གྱི་འབྲུབ་འགོག་འགན་འཁུར་བའི་ཞིབ་བཤེར་སྙན་ཞུ་ཡོངས་བསྒྲགས་བྱེད་པ། སྲིད་འཛིན་འགོ་ཁྲིད་པའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་ཀྱི་གདུབ་ཟུམ་འགན་འཁྲིའི་མ་ལག་བཙུགས་པ་དང་། འབྲུབ་ཆུ་མ་རྒྱས་གོང་གི་གྲ་སྒྲིག་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ཏེ་འགན་འཁྲི་ནན་གཏོང་དང་། མངོན་མེད་རྐྱེན་ངན་བཅོས་སྒྲིག སྔོན་ཇུས་ནང་སྦྱོང་། དཔུང་ཁག་དང་དངོས་ཟོག་གྲ་སྒྲིག གཞི་རིམ་འཕྲལ་སྡོམ། དྲིལ་བསྒྲགས་ཁྲིད་སྟོན་བཅས་འབྲུབ་ཆུ་མ་རྒྱས་གོང་གི་ལས་འགན་ཁག་6ཞིབ་ཕྲ་བཟོས་པ། ལོ་ཧྲིལ་པོའི་ལས་འགན་གསལ་ཐོ་ཞིབ་ཕྲ་བཟོས་ནས་ལོ་འཁོར་གྱི་ལས་ཀའི་གཙོ་གནད་པར་འགྲེམས་བྱེད་པ་དང་། སྔོན་འགོག་དམིགས་ཚད་དང་། གཙོ་གནད་ལས་འགན། སྡེ་ཚན་གྱི་ལས་བགོས་བཅས་ཁ་གསལ་བཟོས་ཏེ་འབྲུབ་འགོག་གི་ལས་འགན་རིམ་པ་བཞིན་བགོས་པ། འགོག་ཟོན་གྱི་ལས་འགན་ས་ཁུལ་དང་གྲོང་ཁྱེར་ཁག་དང་ལས་རིགས་ཁག་གི་གཙོ་གཉེར་སྡེ་ཚན་ལ་ཁག་བགོས་བརྒྱབ་ནས་ལོ་ཧྲིལ་པོའི་འབྲུབ་འགོག་ལས་དོན་གྱི་བསམ་ཕྱོགས་གཅིག་གྱུར་བཟོས་པ། རྒྱུན་གཏན་ནས་ཉེན་ཁར་དྲན་སྐུལ་དང་དོ་དམ་ཚོད་འཛིན་བྱས་ཏེ་འབྲུབ་དུས་ཀྱི་བདེ་འཇགས་དྲན་སྐུལ་ཡི་གེ་རྒྱུན་མཐུད་གཏོང་བ་དང་། ལས་གྲྭ་གལ་ཆེན་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ། ཆུ་ལོག་རོང་ཤུར། ཉེན་ཁ་ཆེ་བའི་འཁྱགས་མཚོ། མི་སྣ་འདུ་འཛོམས་ཆེ་ས་བཅས་ལ་དམ་པོར་དམིགས་ཏེ་དོན་རྐྱེན་ཆེན་པོ་དང་ཚབས་ཆེན་གཏན་ནས་མི་ཐོན་པ་བྱས་ཡོད།
(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)