“དྲ་རྒྱ་ཤར་གཏོང་ཐུབ་པ་དང་ཁེ་སྤོགས་བགོ་འགྲེམས་བརྒྱབ་པས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་རེ་བས་ཁེངས་ནས་ཡོད” བོད་ཀྱི་གྲོང་གསེབ་ཏུ་སྐྱོད་སྐབས་མྱོང་ཚོར་འདི་འདྲ་ཡོང་གི་འདུག འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་འཐུས་སྒོ་ཚང་དུ་ཕྱིན་པ་དང་དམངས་འཚོའི་བྱ་བ་མང་པོ་དོན་འཁྱོལ་ཐུབ་ནས་ས་མཐོའི་ས་གཞི་ཆེ་མོར་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བཞིན་ཡོད། 2025ལོའི་ལོ་མཇུག་བར་བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་གྲོང་ཚོའི་འོད་སྐུད་དྲ་ཆེན་དང་4Gདྲ་རྒྱ་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་། སྲིད་འཛིན་གྲོང་ཚོ་94%ལ་5Gདྲ་རྒྱ་ཤར་གཏོང་ཐུབ་ནས་མཐའ་མཚམས་ས་ཁུལ་དུ་དྲ་རྒྱ་ཁྱབ་ཚད་དེ་བས་མཐོ་རུ་ཕྱིན་ཡོད།
ཉེ་ཆར། གསར་འགོད་པར་ཀྲུང་གོ་སྒུལ་བདེ་འཕྲིན་གཏོང་ཚོགས་པ་བོད་ལྗོངས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཀུང་སི་དེས་སྒེར་རྩེ་རྫོང་ཞིང་ཆེན་གྲོང་ཚོར་བཅའ་སྡོད་བྱེད་རིང་དུས་ཡུན་ཉིན་བརྒྱའི་གཅིག་སྡུད་འགག་སྒྲོལ་བྱ་སྤྱོད་སྤེལ་ནས་སྒོར་ཁྲི་སྟོང་ཕྲག་གི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་བགོ་འགྲེམས་ལ་སྐུལ་འདེད་གཏོང་བ་དང་། གྲངས་འཛིན་གྲོང་གསེབ་ཀྱི་རིག་ནུས་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་པ། གླ་ཆ་འགྱངས་ཆད་འདེད་ལེན་བྱེད་པ། དམིགས་བསལ་ཚོགས་སྤྱིར་རོགས་སྐྱོར་གནད་སྨིན་བཅས་བྱས་ནས་ས་མཐོའི་གྲོང་གསེབ་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
ཡུལ་མི་རྣམས་ཀྱིས་ཁེ་སྤོགས་བགོ་བར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་རྩིས་ཐོ་བསྡམས་བཅད་ཀྱི་གནད་དོན་དེར་དམིགས་ནས་ལས་དོན་རུ་ཁག་གིས་སྒྲིག་སྲོལ་དང་མཐུན་པའི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ཏེ། ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་པ་དང་དུས་ཡུན་ཉིན་45ཡི་རིང་ཕྱོགས་མང་པོ་དང་མཐུན་སྦྱོར་བྱས་མཐར་རྩིས་ཐོ་བསྡམས་བཅད་བྱེད་མཚམས་བཞག་པ་རེད། 2025ལོའི་ཟླ་8པའི་ཟླ་འགོར་སྒོར་ཁྲི་སྟོང་ཕྲག་གི་ཁེ་སྤོགས་ཡུལ་མིའི་ལག་ཏུ་སྤྲད་པས་ཡུལ་མི་ཚོའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་ནས་ཁོང་ཚོས་ལས་དོན་རུ་ཁག་གི་ལས་དོན་ལ་གདེང་འཇོག་གང་ལེགས་བྱས།
ཡུལ་མིར་རི་སྐྱེས་སྲོག་ཆགས་ཀྱིས་བརྡབ་གསིག་བཟོ་བ་ནི་དཀའ་གནད་ཆེན་པོ་ཞིག་རེད། ལས་དོན་རུ་ཁག་གིས་ལག་རྩལ་དང་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་ནས་ཞིང་ཆེན་གྲོང་ཚོར“གྲངས་འཛིན་གྲོང་གསེབ་ཀྱི་རིག་ནུས་སྔོན་འགོག་ཚོད་འཛིན་མ་ལག”ཅིག་གཏོད་ཆེད། རི་སྐྱེས་སྲོག་ཆགས་ཕྱིར་སྐྱོད་ཀྱི་འགག་རྩའི་ས་ཁོངས་སུ་AIརིག་ནུས་དབྱེ་འབྱེད་དང་། ཉི་ནུས་གློག་མཁོ་འདོན། 4Gསྐུད་མེད་བརྒྱུད་གཏོང་བཅས་ཀྱི་ནུས་པ་ལྡན་པའི་པར་ཆས་བཙུགས་ཏེ“གྲོང་ཚོ་ཨུ་ལྷན་གྱི་བརྙན་མིག་ནས་གཅིག་སྡུད་ལྟ་སྐུལ་ཚོད་འཛིན་དང་ཡུལ་མིའི་ལག་ཐོགས་ཁ་པར་ནས་ཉེན་བརྡ་གཏོང་བ་ཟུང་འབྲེལ”གྱི་མཉམ་འགུལ་ལམ་སྲོལ་བཙུགས་ནས་རི་སྐྱེས་སྲོག་ཆགས་ཀྱི་གནས་ཚུལ་དུས་དང་རྣམ་པ་ཀུན་ཏུ་ལྟ་ཞིབ་ཚད་ལེན་དང་། རིག་ནུས་ཅན་གྱི་དབྱེ་འབྱེད། དུས་ཐོག་ཏུ་ཉེན་བརྡ་གཏོང་བ་བཅས་བྱས་ཏེ་གྲོང་མིར“རིག་ནུས་འགོག་སྲུང་འཛིང་རགས”བརྟན་པོ་ཞིག་བསྐྲུན་ཡོད།
ལས་མིའི་གླ་ཆ་ནི་ཡུལ་མིའི་དཀའ་སྤྱད་ཀྱི་འབྲས་བུ་རེད། གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། ལས་དོན་རུ་ཁག་དེས་རང་འགུལ་ངང་སྣེ་ཁྲིད་དེ་འབྲེལ་གཏུག་མཐུན་སྦྱོར་ལས་སྟེགས་བསྐྲུན་པ་དང་གྲོང་ཚོའི“ཨུ་ལྷན་གཉིས”དང་འབྲེལ་ཡོད་ཁེ་ལས་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་ཕྱོགས་མང་པོའི་མཐུན་སྦྱོར་ཚོགས་འདུ་འཚོགས་པ་དང་། གླ་ཆ་འགྱངས་ཆད་ཀྱི་ཞིབ་ཕྲའི་གནས་ཚུལ་གསེད་བཀྲོལ་བྱེད་པ། འགན་འཁྲིའི་རྩིས་ཁྲ་བཟོས་པ་དང་འབྲེལ་དུས་མཚམས་དབྱེ་ནས་དངུལ་སྤྲོད་ཇུས་གཞི་བཟོ་བ་བཅས་བྱས་ནས་འགྱངས་ཆད་གླ་ཆ་སྒོར་ཁྲི་50ལྷག་ཙམ་བདེ་བླག་ངང་འདེད་ལེན་ཐུབ་ནས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱས་ཡོད།
ལས་དོན་རུ་ཁག་གིས་ད་དུང་ཡུལ་མིའི་གཟུགས་གཞི་བདེ་ཐང་དང་འཚོ་བའི་སྤུས་ཚད་ལ་དོ་ཁུར་ཆེན་པོ་བྱས་ནས་སྒེར་རྩེ་རྫོང་མི་དམངས་སྨན་ཁང་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་ཁྲག་ཤེད་མཐོ་བའི་ནད་པ་34ལ་དམིགས་བསལ་སྒོ་བསྟེན་སྨན་ཁང་གི་ལག་ཁྱེར་གཉེར་རོགས་བྱས་ནས་ནད་པའི་སྨན་བཅོས་ཁུར་པོ་ཡང་དུ་ནུས་ལྡན་བཏང་ཡོད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2025ལོའི་ཟླ་11པའི་ཟླ་མཇུག་བར། བོད་ལྗོངས་སྒུལ་བདེའི་སྦྲེལ་ཚུགས་བསྡོམས་ཁྲི་7.2ཟིན་པ་དེ་2020ལོའི་ལོ་མཇུག་ལས་14.2%འཕར་ཡོད། དེའི་ནང་5Gསྦྲེལ་ཚུགས་ཀྱི་གྲངས་འབོར་ཁྲི་2.6ཟིན་པ་དང་མི་ཁྲི་རེར་5Gསྦྲེལ་ཚུགས་ཀྱི་གྲངས་འབོར་70.8ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།