འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་29ཉིན་གནས་ཚུལ་འབྱོར་གསལ། ཚེས་28ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་དུས་ཐེངས་ཉེར་གཅིག་པའི“ཧི་མ་ལ་ཡའི་སྤྱི་ཚོགས་ཚན་རིག་སློབ་ཚན་ཆེ་མོ”ལྷ་སར་འཁྲིད་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་འཆད་ཁྲིད་འདིར“དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། ཁྲང་ཨན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཡོན་ཀྲང་གཞོན་པ་དང་། དགེ་རྒན་ཆེ་མོ་བ། འབུམ་རམས་པའི་སློབ་དཔོན་བཅས་ཡིན་པའི་དབན་ཅིན་ཕུང་གདན་དྲངས་ནས་ཆེད་དོན་ཟུར་ཁྲིད་བྱས་ཤིང་། དེའི་དམིགས་ཡུལ་ནི་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་ལས་དོན་པས་དུས་རབས་གསར་པའི་བོད་ཀྱི་ལས་དོན་གྱི་ཁ་ཕྱོགས་དང་ཐབས་ལམ་ཁོང་དུ་ཡང་དག་ཆུད་པར་ཁྲིད་སྟོན་བྱས་ཏེ། ཞབས་ཞུའི་ལྟེ་གནས་ཀྱི་ལས་ཀའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་རེད།
འཆད་ཁྲིད་དེ་དྲ་ཐོག་དང་དྲ་ཕྱི་ཟུང་དུ་འབྲེལ་ནས་བྱས་ཤིང་། ལྗོངས་ནང་ཁུལ་གྱི་སྤྱི་ཚོགས་ཚན་རིག་ཁོངས་གཏོགས་ཀྱི་འབྲེལ་ཡོད་འཐུས་མི་ས་ཡུལ་དངོས་སུ་འཆད་འཁྲིད་ལ་ཞུགས་པ་དང་། ས་གནས་ཁག་གི་སྤྱི་ཚོགས་ཚན་རིག་གི་རིགས་པའི་གཞུང་ལུགས་ཀྱི་ལས་དོན་པས་དྲ་ཐོག་ནས་དུས་གཅིག་ཏུ་སློབ་ཚན་ཉན་པ་རེད།