གྲོང་སྡོད་ལས་དོན་རུ་ཁག་ཁག་བཅོ་ལྔ་པ་གྲོང་ཚོར་བཅའ་སྡོད་བྱས་ཚུན། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཚ་བ་རོང་ཤང་གི་གྲོང་སྡོད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས་ངོ་སོའི་འདུ་འགོད་མཐའ་གཅིག་ཏུ་དོར་ཏེ“བྱས་འབྲས་ཐོབ་པར་ངས་མི་རྩོད། བྱས་རྗེས་འཇོག་པར་ང་ཡིས་འབད་པའི”འགན་འཁྲི་འཁུར་བ་དང་དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་ཚད་བརྒལ་ཡོང་སར་བརྩིས་པ་མ་ཟད། གཞི་རིམ་དུ་འབད་འཐབ་བྱེད་པ་དང་དམངས་ལ་བྱ་བ་དངོས་བསྒྲུབས་ཏེ། རྨང་གཞིའི་སྒྲིག་བཀོད་དང་དམངས་འཚོ་འགན་ལེན་གྱི་རྣམ་གྲངས་ཁག་གཅིག་མགྱོགས་མྱུར་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ནས། མཐོང་ཐུབ་པ་དང་ཚོར་ཐུབ་པའི་དམངས་ཕན་རྣམ་གྲངས་ལག་ལེན་བསྟར་བའི་དངོས་ཡོད་གྲུབ་འབྲལ་ལ་བརྟེན་ཏེ་གྲོང་སྡོད་ལས་དོན་ལ་རྣམ་པ་གསར་པ་བཏོད་ཡོད་པ་རེད།
མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་པ།
“མང་ཚོགས་ཀྱི་འབོད་སྒྲ་ནི་ང་ཚོས་ལས་དོན་སྒྲུབ་པའི་ཤུ་སྒྲ་ལྟ་བུ་ཡིན”ཞེས་པ་འདི་ནི་ཚ་བ་རོང་ཤང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཚང་མའི་གཅིག་མཐུན་གྱི་ངོས་འཛིན་ཞིག་རེད། རྣམ་གྲངས་ཚང་མ་རང་སྣང་ཁོ་ནར་བརྟེན་ནས་འཆར་འགོད་མི་བྱེད་པར་གྲོང་སྡེའི་ས་ཡུལ་དངོས་སུ་འདྲི་རྟོག་ཏུ་བསྐྱོད་དེ་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་དེ་རྣམ་གྲངས་ཇུས་འགོད་ཀྱི་འགོ་འཛུགས་སར་བརྩི་བཞིན་ཡོད།
ལུང་ཕུག་གྲོང་ཚོར་བསྐྱོད་སའི་ལམ་བུ་ནི་རི་ལམ་རེད། འོན་ཀྱང་ལམ་བུར་འགོག་སྲུང་གི་ལྕགས་དྲ་སོགས་གང་ཡང་མེད་པར་བརྟེན་ཆར་པ་འབབ་རིམ་བཞིན་རྡོ་ལྷུང་བ་སོགས་ཀྱི་གནས་ཚུལ་ཐོན་སླ་པོ་ཡོད། དེས་ན་རྒྱུན་དུ་ཡུལ་མི་ཚོ་ཕྱིར་སྐྱོད་པར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེན་པོ་ལྡན་ཡོད། གྲོང་སྡོད་ལས་དོན་རུ་ཁག་གིས་དུད་ཚང་དུ་བསྐྱོད་ནས་མང་ཚོགས་ཀྱི་རེ་ཞུ་ཐོ་རུ་འགོད་སྐབས་གྲོང་ཚོའི་རི་ལམ་གྱི་ཟུར་དུ་ལྕགས་དྲའི་ཚབ་ཏུ་རྩིག་པ་ཞིག་རྒྱག་རྒྱུ་དེ་ལོ་འཁོར་གྱི་དམངས་འཚོའི་འདུ་འགོད་ཨང་དང་པོར་གཏན་འཁེལ་བྱས་པ་མ་ཟད། གྲོང་ཚོའི“ཨུ་ལྷན་གཉིས”དང་ཏང་ཡོན་འཐུས་མི་སྒྲིག་འཛུགས་ཀྱིས་དམངས་ཕན་ཞབས་ཞུའི་ཚོམས་ཆེན་དུ་ཆེད་དོན་ཞིབ་འཇུག་བརྡར་གཅོད་ཚོགས་འདུ་འཚོགས་ཏེ་ཨར་ལས་ཀྱི་ཇུས་གཞི་དང་། ཨར་ལས་རྒྱུ་ཆ་ཉོ་སྒྲུབ། མ་དངུལ་དོ་དམ་ཚོད་འཛིན་སོགས་ཀྱི་འགག་རྩའི་དོན་ཚན་རེ་རེ་བཞིན་ལ་ཞིབ་བསྡུར་བྱས་ནས་སྟོབས་ཤུགས་ལ་སྤྱི་འདོམས་ཀྱིས་ཨར་ལས་ལ་སྐུལ་འདེད་བཏང་བ་རེད། ཨར་ལས་ནང་ཞུགས་མཁན་ཡུལ་མི་མི་ཉུང་བ་ཞིག་གིས་འགོག་སྲུང་རྩིག་པ་བརྟན་པོ་ཞིག་ཡོད་པས་ཕྱིས་སུ་ཆར་པ་འབབ་སྐབས་རི་ལམ་དུ་བསྐྱོད་དུས་སེམས་ཁྲལ་བྱེད་དགོས་མེད་ཅེས་མྱོང་ཚོར་ཟབ་མོས་བཤད།
ཕུགས་ཀྱི་འབབ་འཕར་དམིགས་ཚད་ལ་གཞི་ཚུགས་ནས་སྲང་ཐ་གྲོང་ཚོས་ས་གནས་དེ་གའི་རང་བྱུང་ཆུ་ཚན་ཐོན་ཁུངས་ལ་བརྟེན་ནས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་མང་ཚོགས་ཐག་ཉེ་ས་ནས་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་པར་དམིགས་ཏེ། ཆུ་ཚན་རྒྱག་སའི་འགྲུལ་ཁང་གི་སྤུས་ཚད་མཐོར་གཏོང་རིམ་སྤོར་རྣམ་གྲངས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། དེས་ན་གྲོང་སྡོད་ལས་དོན་རུ་ཁག་གིས་དམངས་སྲོལ་གནས་ཚང་གི་ལེ་ལག་ཚང་བའི་སྒྲིག་བཀོད་ལ་སྤྱི་འདོམས་སྒྱུར་བཀོད་བྱས་ནས། གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་གཞོལ་ཏེ་རྒྱུན་མཐུད་ཆོག་པའི་ཐོན་ལས་རྣམ་གྲངས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ་རེད།
ཨར་སྐྲུན་དོ་ནན་བྱས་ནས་བློ་བདེའི་ལས་གྲྭ་བསྐྲུན་པ།
དམངས་འཚོའི་འདུ་འགོད་མགྱོགས་པོ་སྐྲུན་དགོས་ལ་དེ་བས་ཀྱང་བརྟན་པོ་སྐྲུན་དགོས། ཚ་བ་རོང་ཤང་གིས་རྣམ་གྲངས་ཀྱི་འཆར་འགོད་དང་། ཨར་སྐྲུན། ཞིབ་བཤེར་རྩིས་ལེན་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར“ནན་པོ”བྱ་རྒྱུ་མཐའ་འཁྱོངས་ཀྱིས། དམངས་ཕན་མ་དངུལ་ཚང་མར་དོ་དམ་ཡག་པོ་དང་ཨར་སྐྲུན་གྱི་ཞིབ་ཆ་ཚང་མར་དམ་འཛིན་ནན་པོ་བྱས་པ་རེད།
ལུང་ཕུག་གྲོང་ཚོའི་འགོག་སྲུང་གྱང་གི་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པའི་དུས་མཚམས་སུ་གྲོང་སྡོད་ལས་དོན་རུ་ཁག་གིས་ས་ཡུལ་དངོས་སུ་དེ་གའི་ཨར་སྐྲུན་རྒྱུ་ཆའི་ཁྲོམ་རའི་རིན་གོང་དང་དེ་བཞིན་རི་ཁུལ་གྱི་མི་ཐབས་ལ་བརྟེན་ནས་སྐྱེལ་འདྲེན་བྱེད་པའི་མ་གནས་མཐིལ་རྟོགས་བྱས་ཏེ། རྣམ་གྲངས་ཀྱི་སྔོན་རྩིས་རེ་རེ་བཞིན་གསེད་བཀྲོལ་དང་ཞིབ་ཚགས་སུ་གཏོང་བ་དང་། གཏོང་སྒོ་ཁག་ལ་ཚོད་འཛིན་ནན་པོ་བྱེད་པ། མ་དངུལ་བེད་མེད་དུ་འཇོག་པ་དང་གང་བྱུང་གཏོང་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱས་ནས་དམངས་ཕན་མ་དངུལ་ཚང་མ་གོ་ཆོད་སར་གཏོང་ཐུབ་པའི་འགན་ལེན་བྱས་པ་རེད།
ཕྱར་བ་གྲུ་འདེགས་ཀྱིས་གྲོང་གསེབ་དར་རྒྱས་གཏོང་མགྱོགས་སུ་བཏང་བ།
རིགས་ཁག་གི་རྣམ་གྲངས་ལ་སྐུལ་འདེད་ནུས་ལྡན་གཏོང་བའི་ལྟེ་བ་ནི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་ལས་བྱེད་པ་དང་མང་ཚོགས་སེམས་པ་གཅིག་ཏུ་སྒྲིལ་བར་ཐུག་ཡོད། ཤང་ཡོངས་ཀྱི་གྲོང་ཚོ་ཁག་གིས་གྲོང་སྡོད་ལས་དོན་རུ་ཁག་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག ཏང་ཡོན་འཐུས་མི་བཅས་ལས་གྲུབ་པའི་རྣམ་གྲངས་འགག་སྒྲོལ་གྱི་ཆེད་བསྐོས་ཚན་ཁག་གཅིག་གྱུར་ཐོག་བཙུགས་ཏེ། ལས་བགོས་ཁ་གསལ་དང་ལས་སྒྲུབ་འཆར་གཞི་བཟོས་ནས་རྣམ་གྲངས་ཚང་མར་དོ་དམ་བྱེད་མཁན་ཡོད་པ་དང་ཚང་མར་ལྟ་སྐུལ་བྱེད་མཁན་ཡོད་པའི་འགན་ལེན་བྱས་པ་རེད།
ཧོང་ཏུང་གྲོང་ཚོས་ཏང་ཡོན་དང་བླངས་པ་དང་ཡུལ་མི་དཀྱུས་མ་སྐུལ་སློང་བྱས་ནས་ཞིང་ནང་གི་འགྲོ་ལམ་གཙང་བཟོ་དང་ཨར་ལས་བྱ་ཡུལ་དག་སྒྲིག་བྱས་པ་རེད། ལུང་ཕུག་གྲོང་ཚོའི་ཆེད་སྒྲུབ་ཚན་ཁག་གིས་དུས་བཀག་ལྟར་རྩིག་པ་རྒྱག་པའི་འཕེལ་རིམ་ལ་གྲོས་བསྡུར་བྱས་པ་དང་། སྲང་ཐ་གྲོང་ཚོས་མི་རྒྱུ་སྤྱི་འདོམས་བྱས་ནས་འགྲུལ་ཁང་སྒྱུར་བཀོད་ལ་སྐུལ་འདེད་བརྟན་པོ་བཏང་བ། ཤང་ཡོངས་ཀྱི་གོང་འོག་ཚང་མར“ཀྲི་པུའུ་དང་ཏང་ཡོན་གྱིས་སྣེ་ཁྲིད་དེ་ལས་ཀ་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་ལས་ཀ་བྱེད་པའི”མཉམ་སྐྲུན་མཉམ་སྤྱོད་ཀྱི་ལས་སྒྲུབ་ཁོར་ཡུག་ཚ་ཚ་འུར་འུར་ཞིག་ཆགས་ཡོད།
ཚ་བ་རོང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཧྥེང་ཧུང་ཆང་གིས། མིག་སྔར་ཤང་ཡོངས་ཀྱིས་རྨང་བརྟན་དམངས་ཕན་གྱི་མ་དངུལ་སྒོར་ཁྲི་220ལྷག་ཙམ་བཏང་ནས་ཡུལ་མིའི་འཚོ་བར་འཚམ་པ་དང་གྲོང་སྡེ་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་དམངས་འཚོའི་རྣམ་གྲངས་33དོན་འཁྱོལ་བྱས་ཡོད་ཅེས་བཤད།
(བསྟན་འཛིན་དང་མཚམས་གཅོད་ཀྱིས་སྒྱུར་ཞུས་བྱས)