འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་29ཉིན་གནས་ཚུལ་འབྱོར་གསལ། ཚེས་29ཉིན། གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གཉེར་བའི་2026ལོའི་ནག་ཆུ་གྲོང་ཁྱེར་གྱི་འཆར་ཅན་རྟ་རྒྱུག་དུས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། “ལྔ་ཚན་བཅོ་ལྔ་ལྕག་གིས་སྐུལ། ནག་ཆུའི་ཉམས་བཟང་ལེགས་པར་སྐྲུན”བརྗོད་དོན་གཙོ་བོའི་2026ལོའི་ནག་ཆུ་གྲོང་ཁྱེར་གྱི་འཆར་ཅན་རྟ་རྒྱུག་དུས་ཆེན་ཟླ་8ཚེས་1ནས་12ཉིན་བར་ནག་ཆུ་གྲོང་ཁྱེར་གེ་སར་རྟ་རྒྱུག་ཐང་དུ་གཉེར་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་རྟ་རྒྱུག་དུས་ཆེན་དེ་གྲ་སྒྲིག་བྱེད་སྒོ་དང་དངོས་གཞིའི་བྱེད་སྒོ་གཉིས་སུ་ཕྱེ་ནས་སྤེལ་རྒྱུ་ཡིན་པ་སྟེ། ཟླ་8ཚེས་1ནས་ཟླ་8ཚེས་9ཉིན་བར་ནི་གྲ་སྒྲིག་བྱེད་སྒོའི་དུས་མཚམས་ཡིན་པ་དང་། ཟླ་8ཚེས་10ནས་ཟླ་8ཚེས་12ཉིན་བར་ནི་དངོས་གཞིའི་བྱེད་སྒོའི་དུས་མཚམས་ཡིན་པ་རེད། ཟླ་8ཚེས་10ཉིན་གྱི་སྔ་དྲོ་འགོ་ཚུགས་མཛད་སྒོ་གཟབ་རྒྱས་ཤིག་འཚོག་རྒྱུ་ཡིན་ཞིང་། སྐབས་དེ་དུས་ཕྱོགས་ཡོངས་ནས་མཐོང་ཐུབ་པའི་གར་སྟེགས་བཏོད་དེ་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རྟ་རྩལ་འཁྲབ་སྟོན་ཚོགས་པ་རྩེ་གྲ་གདན་དྲངས་ནས་ལྟད་མོ་ཆེ་བའི་རྟ་རྩལ་འཁྲབ་སྟོན་དང་སྦྲ་གུར་ནང་ཡུལ་སྐོར་བས་མཉམ་འགུལ་ཉམས་ལེན་སོགས་བྱ་རྒྱུ་ཡིན་པ་རེད།
རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་ནག་ཆུ་གྲོང་ཁྱེར་གྱི་འཆར་ཅན་རྟ་རྒྱུག་དུས་ཆེན་ནི་བོད་བྱང་ཐང་གི་གཞི་ཁྱོན་ཆེ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་འབྲོག་པའི་རིག་གནས་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་པ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ནག་ཆུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གར་སྟེགས་གཙོ་བོ་ཞིག་ཀྱང་རེད།
(ཚེ་ལྷས་བསྒྱུར། དམ་ཆོས་མི་ཕམ་དང་ཚེ་ལྷས་ཞུས)