འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་29ཉིན་གནས་ཚུལ་འབྱོར་གསལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། 《བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་བཤེར་བྱ་ཐབས》གཞིར་བཟུང་། ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་བཤེར་ཚོགས་ཆུང་བཅོ་བརྒྱད་པས་ཟླ་7ཚེས་15ཉིན་ནས་ཟླ་7ཚེས་29ཉིན་བར་བོད་རང་སྐྱོང་ལྗོངས་སུ་བདེ་འཇགས་ཐོན་སྐྱེད་ལ་དཔྱད་ཞིབ་སྐོར་བཤེར་གྱི་མངོན་བཤེར་ལྐོག་ཞིབ་བྱས་པ་རེད། ཟླ་7ཚེས་29ཉིན། དཔྱད་ཞིབ་སྐོར་བཤེར་ཚོགས་ཆུང་བཅོ་བརྒྱད་པས་བོད་རང་སྐྱོང་ལྗོངས་ལ་མངོན་བཤེར་ལྐོག་ཞིབ་བྱས་ཚུལ་གྱི་ལན་སྤྲད་པ་རེད། དཔྱད་ཞིབ་སྐོར་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་སུང་ཤིན་ཁྲུན་གྱིས་མངོན་བཤེར་ལྐོག་ཞིབ་བྱས་ཚུལ་གྱི་བརྡ་ཁྱབ་བཏང་བ་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རྣམ་འགྱུར་མཚོན་པའི་གསུང་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་ཚོགས་འདུར་ཞུགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
སུང་ཤིན་ཁྲུན་གྱིས་གསུངས་དོན། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བདེ་འཇགས་ཐོན་སྐྱེད་དེ་ཉིད་གནས་བབ་གལ་ཆེན་དུ་བཞག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ་མཐོ་གྲང་གསོ་རླུང་དཀོན་པ་དང་། ས་རྒྱ་ཆེ་བ། གནས་ཡུལ་ཁ་ཐོར་བཅས་ཀྱི་ལྗོངས་བབ་དངོས་ལ་གཞི་ཚུགས་ཏེ། བདེ་འཇགས་ཐོན་སྐྱེད་དང“དོན་ཆེན་བཞི”སྤྱི་འདོམས་འཆར་འགོད་ཀྱིས་སྐུལ་འདེད་བཏང་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། ད་ཐེངས་ཀྱི་མངོན་བཤེར་ལྐོག་ཞིབ་བྱས་པ་ལས་མངོན་མེད་རྐྱེན་ངན་གྱི་གནད་དོན་ཁག་གཅིག་ཤེས་རྟོགས་བྱུང་བ་དག་ནི་མེ་ཟོན་བདེ་འཇགས་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་ཀྱི“བྱ་བ་གཅིག”གི་འཁོར་འབྲེལ་ཧྲིལ་པོར་བཅོས་སྒྲིག་བྱེད་པའི་ཕན་འབྲས་མི་འདང་བ། འགྲིམ་འགྲུལ་དང་རིག་གནས་ཡུལ་སྐོར་ཁྱབ་ཁོངས་ཀྱི་དོ་དམ་ཚོད་འཛིན་ཐད་ཆད་སྐྱོན་ཡོད་པ། འཛུགས་སྐྲུན་ལས་གྲྭའི་ཁྱབ་ཁོངས་ཀྱི་བདེ་འཇགས་དོ་དམ་མི་འདང་བ། གློག་ཤུགས་དང་བཟོ་ལས་ཚོང་དོན་ཁྱབ་ཁོངས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བརྒྱུད་རིམ་ལྡན་པའི་ངང་མགྱོགས་མྱུར་བཅོས་སྒྲིག་བྱེད་དགོས་པ། རྡོ་སོལ་མིན་པའི་གཏེར་རི་དང་ཉེན་ཡོད་རྫས་འགྱུར་ཁྱབ་ཁོངས་ཀྱི་བདེ་འཇགས་དོ་དམ་ལམ་ལུགས་ལག་བསྟར་ནུས་ལྡན་མི་ཐུབ་པ། ལྟ་འདོམས་ཁྲིམས་སྒྱུར“ལྷུག་ལྷོད་འཇམ”གསུམ་ཡིན་པ། སྤྱི་ཚོགས་མཉམ་འགོག་མཉམ་བཅོས་དམིགས་སར་འཁྱོལ་མི་ཐུབ་པ་བཅས་གཅིག་སྡུད་མངོན་གསལ་དོད་པོ་ཡོད། གོང་གསལ་གནད་དོན་ལས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་སྔར་བཞིན་སྐྱོན་ཆ་དང་ཞན་ཆ་ཡོད་པ་མཚོན་པས་ངེས་པར་དུ་དོགས་ཟོན་ཆེར་སྐྱེད་དང་ལྟ་སྟངས་ནན་པོ་འཛིན་དགོས། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
སུང་ཤིན་ཁྲུན་གྱིས་ནན་བཤད་གནང་དོན། བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་དོགས་ཟོན་ཆེར་སྐྱེད་དང་རང་འགུལ་ངང་བསྡུར་ནས་བག་མེད་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ། དོན་རྐྱེན་ཁྲོད་བསླབ་བྱ་ཐེབས་པ་དང་དོགས་ཟོན་དངོས་འབྲེལ་ཐུབ་པར་བྱས་ཏེ“རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲི་ཁུར་སེམས་དང“དོན་དག་ཚང་མ་སེམས་ལ་གདེང་ཚོད་ཡོད་པའི”བྱ་སྤྱོད་སྤེལ་ཤུགས་ལ་བརྟེན་ནས་གཅིག་ཤེས་ཀུན་གྲོལ་དང་ཕྱོགས་ཡོངས་ནས་གྲལ་བཤེར་དང་། མཁྲེགས་སར་གཏུག་ཕོད་པ་དང་དག་ཐེར་མཐར་ཕྱིན་བྱས་ཏེ་བདེ་འཇགས་འཕེལ་རྒྱས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། མཐའ་ཚད་ཀྱི་བསམ་བློར་ཤུགས་སྣོན་རྒྱག་པ་བཅས་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ལས་རིགས་ཀྱི་ལྟ་འདོམས་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། “ཁྲིམས་འགལ་ལ་རྡུང་རྡེག་དང་སྒྲིག་འགལ་བཅོས་སྒྲིག”བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། བདེ་འཇགས་ལྟ་འདོམས་དང་ཁྲིམས་སྒྱུར་གྱི་གཟབ་ནན་རང་བཞིན་དང་ཟིལ་གནོན་ནུས་པ་ཆེ་རུ་གཏོང་བ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་སྲུང་བཅས་བྱས་ཏེ་བོད་ཀྱི་བདེ་འཇགས་འཕེལ་རྒྱས་ཀྱི་སྲུང་བཅད་ཕྱོགས་ཡོངས་ནས་བརྟན་པོ་སྐྲུན་དགོས།
སུང་ཤིན་ཁྲུན་གྱིས་བསྟན་དོན། ས་གནས་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ནི་ས་ཁུལ་དེ་གའི་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་འགན་འཁུར་བ་ཨང་དང་པོ་དེ་རེད་ལ། གནད་དོན་གྱི་མངོན་མེད་རྐྱེན་ངན་དག་ཐེར་གྱི་འགན་འཁུར་བ་ཨང་དང་པོ་དེའང་རེད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱེད་པ་དང་། མངོན་བཤེར་ལྐོག་ཞིབ་བྱས་ནས་ལན་སྤྲད་པའི་གནད་དོན་གྱི་མངོན་མེད་རྐྱེན་ངན་དག་ཐེར་ལ་དམ་འཛིན་ཏན་ཏིག་བྱེད་པ། ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་དང་འབྲེལ“སྲིད་འཛིན་ཁྲིམས་སྒྱུར་དང་། ཉེས་དོན་ཁྲིམས་འཛིན། སྒྲིག་བཤེར་ལྟ་ཞིབ་བཅས་འབྲེལ་མཐུད”ལས་དོན་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དོན་འཁྱོལ་བྱེད་པ། དུས་ཐོག་ཏུ་བརྟག་དཔྱད་ཐག་གཅོད་དང་། འགན་འཁྲི་རྩད་གཅོད་དང་བདའ་འདེད། དག་ཐེར་དོན་འཁྱོལ་བཅས་ཀྱི་གནས་ཚུལ་ལན་སྤྲོད་པ། དོན་རྐྱེན་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་མཐའ་གཅིག་ཏུ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བའི་འགན་སྲུང་མཐའ་གཅིག་ཏུ་བྱེད་དགོས།
ཝང་ཅུན་ཀྲེང་གིས་གསུངས་དོན། ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་བཤེར་ཚོགས་ཆུང་གིས་ལན་སྤྲད་པའི་གནད་དོན་དག་དངོས་ཡོད་ཆ་ཚང་དང་གནད་ལ་འཁེལ་བ་ཞིག་ཡིན་པས་བོད་རང་སྐྱོང་ལྗོངས་ཀྱིས་ལྷག་བསམ་རྣམ་དག་ངང་ཚང་མ་དང་ལེན་བྱས་ཏེ་དག་ཐེར་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དེ་བས་ལེགས་པར་བྱེད་པ། “རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་བདེ་འཇགས་དོན་རྐྱེན་ཆེན་པོ་དང་ཚབས་ཆེན་མི་ཐོན་པའི་མཐའ་ཚད་བརྟན་པོ་སྲུང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོབ་ཏན་ཏིག་བྱེད་དགོས། གཅིག་ཤེས་ཀུན་གྲོལ་དང་ཕྱི་ནང་མཉམ་བཅོས་མཐའ་འཁྱོངས་བྱས་ནས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། འབྱུང་རྩ་ནས་བཅོས་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྐབས་ཐོག་བཅོས་སྒྲིག་དང་ཕུགས་ཕན་སྲོལ་འཛུགས་ཟུང་འབྲེལ་མཐའ་འཁྱོངས་བཅས་བྱས་ནས་གནད་དོན་གཅིག་ཐག་གཅོད་བྱས་པ་ལས་ཁྱབ་ཁོངས་གཅིག་ཚད་ལྡན་དུ་གཏོང་བ་དང་ལམ་ལུགས་ཆ་ཚང་གཅིག་འཐུས་སྒོ་ཚང་དུ་གཏོང་ཐུབ་པ་བྱེད་པ་དང་། དག་ཐེར་གྱི་བྱེད་ཐབས་ཞིབ་ཚགས་སུ་བཏང་ནས་ལས་འགན་གྱི་གསལ་ཐོ་དང་འགན་འཁྲིའི་ཚན་པ་དང་འགན་འཁྲི་བ་གསལ་པོ་བཟོ་བ་དང་། ལས་རིམ་གསལ་འགོད་དང་། ཐོ་སུབ་དོ་དམ། གདུབ་ཟུམ་སྐུལ་འདེད་བཅས་བྱས་ནས་འཛེམ་མེད་དམར་འདོན་གྱིས་གནད་དོན་དག་ཐེར་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་བ། ཁྲིམས་སྲོལ་ལམ་ལུགས་ཀྱི་དབང་གྲགས་རང་བཞིན་དང་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་རྩིས་སྤྲད་པའི་དོན་རྐྱེན་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ལ་ཕུགས་འདེད་ལྡོག་བཤེར་གྱིས་འགན་འཁྲི་རྩད་གཅོད་བྱས་ཏེ་སྒྲིག་སྲོལ་དང་། སྒྲིག་ལམ། བཅའ་ཁྲིམས་བཅས་ལྟར་འགན་འཁྲི་བདའ་འདེད་གཏོང་དགོས། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་བྱས་ནས“མངོན་མེད་རྐྱེན་ངན་ནི་དོན་རྐྱེན”ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། བསམ་བློའི་ངོས་འཛིན་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བཅས་བྱས་ནས་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། གནས་གཅིག་འགན་གཉིས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། འགན་འཛོལ་འགན་འདེད་བཅས་དངོས་འབྲེལ་ཐུབ་པ་དང་། གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས་སྔོན་འགོག་སྔོན་ལ་བྱེད་པ་དང་མ་བྱུང་སྔོན་འགོག་བྱས་ཏེ་མེ་ཟོན་སོལ་རླངས་དང་། འགྲིམ་འགྲུལ་དང་རིག་གནས་ཡུལ་སྐོར། འཛུགས་སྐྲུན་ཨར་ལས། གློག་ཤུགས་དང་བཟོ་ཚོང་། གཏེར་རི་དང་ཉེན་ཆེའི་རྫས་འགྱུར་དངོས་རྫས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དང་དོན་རྐྱེན་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་བསལ་ཏེ་ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་ཐོན་གྲབས་སྐབས་སེལ་ཐུབ་པ་དང་མ་བྱུང་གོང་ནས་སེལ་གང་ཐུབ་བྱེད་པ། ལྟ་འདོམས་ཁྲིམས་སྒྱུར་ནན་པོ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། མཉམ་འགོག་མཉམ་བཅོས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་བཅོས་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
དཔྱད་ཞིབ་སྐོར་བཤེར་ཚོགས་ཆུང་གིས་ས་གནས་ས་ཐོག་ཏུ་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་དོན་རྐྱེན་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་གྱི་འགན་འཁྲི་རྩད་གཅོད་དང་བདའ་འདེད་གཏོང་བའི་རྩིས་ཐོ་རྩིས་སྤྲད་པ་རེད། ཆེད་དོན་ཞིབ་བཤེར་ཚོགས་ཆུང་གིས་ཞིབ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་ཏང་ཡོན་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་དང་འབྲེལ་བ་ཡོད་པའི་གནད་དོན་གྱི་ཁུངས་སྣེ་ལས་བྱེད་པའི་དོ་དམ་དབང་ཚད་གཞིར་བཟུང་འབྲེལ་ཡོད་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་ཐག་གཅོད་རྒྱུར་རྩིས་སྤྲད་པ་རེད།
(བདེ་སྐྱིད་དང་བསྟན་བཟང་གིས་སྒྱུར་ཞུས་བྱས)