《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年07月11日

དམངས་ཁྲོད་རོལ་མོ་བ་ཡོན་ཏན་གྱིས།

འགྱུར་ཁུག་སྙན་མོར་བརྟེན་ནས་དྲོད་འཁོལ་ཟབ་མོ་སྦྱིན་པ།

ཟླ་བདུན་པར་ལྷ་སའི་མེ་འཁོར་འབབ་ཚུགས་སུ་བསིལ་རླུང་དལ་བུར་ལྡང་ཞིང་། འགྲོ་འོང་བྱེད་མཁན་འདུ་འཛི་ཆེ། ཡོན་ཏན་གྱིས་སྒུར་ཙམ་བྱས་ཏེ་རྡོག་ཁྲེས་སྒམ་ཁ་ཕྱེ་ནས་གླིང་བུ་ཞིག་བཏོན་ཏེ《མཁའ་ལམ》གྱི་འགྱུར་ཁུག་སྙན་མོ་དལ་གྱིས་དཀྲོལ། འགྱུར་ཁུག་དེ་དཀྲོལ་ཟིན་རྗེས་ཁོང་གིས་རྒྱང་རིང་གི་ས་འཛིན་གྱི་མུ་ཁྱུད་དག་ལ་ལྟ་བཞིན་དུ་གསར་འགོད་པར་ལོ་བཅུ་གྲངས་རིང་ལྷ་སར་ཕུགས་འདུན་མངོན་འགྱུར་བྱེད་པའི་ལོ་ཟླའི་སྐོར་གླེང་འགོ་ཚུགས།

ལི་ཞའོ་ཕུང་གི་བོད་རིགས་ཀྱི་མིང་ལ་ཡོན་ཏན་ཟེར། “དེ་སྔོན་ཀན་སུའུ་ཏིང་ཤིས་ནས་མེ་འཁོར་བསྡད་དེ་བོད་ལ་ཡོང་སྐབས་ལམ་བར་ནས་སྒེའུ་ཁུང་ཕྱི་རོལ་གྱི་རྩྭ་ཐང་དང་གངས་རི་མཐོང་དུས་སེམས་ཁྲལ་ལངས་བྱུང་ལ་རེ་སྒུག་ཀྱང་ཆེན་པོ་བྱུང”ཞེས་ཡོན་ཏན་གྱིས་འཛུམ་དམུལ་དམུལ་ངང་བཤད་ཅིང་། ཁོང་གིས་ང་རང་སློབ་གྲྭར་དེ་ཙམ་འགྲོ་མྱོང་མེད། འོན་ཀྱང་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་ཞིག་ཡོད་ལ། རོལ་ཆ་ལའང་ཚོར་བ་ཤིན་ཏུ་སྐྱེན་པོ་ཡོད་ཅེས་བརྗོད། དང་ཐོག་ལྷ་སར་སླེབས་སྐབས་བོད་ཡུལ་གྱི་སྙན་འཇེབས་ལྡན་པའི་དམངས་ཁྲོད་ཀྱི་རོལ་དབྱངས་ཤིག་གིས་ཁོང་གི་སེམས་པ་བཀུག ཁོང་གིས་ས་ཕྱོགས་ཁག་གི་བོད་ཀྱི་སྒྱུ་རྩལ་པ་རྒན་གྲས་དགེ་རྒན་དུ་བསྟེན་པ་དང་། རྟག་ཏུ་ནམ་ཕྱེད་བར་སྨྱུག་གླིང་དང་ཀ་བེད་གླིང་བུ་སོགས་སྲོལ་རྒྱུན་གྱི་མི་རིགས་རོལ་ཆ་སྣ་ཚོགས་སྙིང་རུས་ཆེན་པོས་སྦྱོང་གི་ཡོད།

དང་ཐོག་ཁོང་གིས་གྲོང་ཁུལ་གྱི་ཨར་ཁང་ཆེ་ཆུང་ཁག་ཏུ་གཞས་གཏོང་བར་འགྲོ་ཡི་ཡོད། འོན་ཀྱང་ཨར་ཁང་གི་གར་སྟེགས་ནས་ཡོན་ཏན་གྱི་སེམས་ལ་དེ་ལས་ཆེ་བའི་གནམ་ས་ཞིག་ཡོད་ངེས་རེད་སྙམ་བཞིན་ཡོད། ཁོང་གིས་ཐོག་མར་བརྙན་ཐུང་ལས་སྟེགས་སུ་རོལ་ཆ་དཀྲོལ་གཏོང་གི་བརྙན་ལམ་བསྐུར་ཞིང་། “ལྷ་སའི་ཕྱོགས་གང་སར་མཛེས་ལྗོངས་མང་པོ་ཡོད། གནའ་གྲོང་གི་སྲང་ལམ་དང་། མཚོ་མོ་དང་འབྲོག་ར། གྲོང་གསེབ་ཀྱི་ཞིང་ཐང་སོགས་གང་དུ་སླེབས་ཀྱང་དེ་གར་རོལ་ཆ་དཀྲོལ་རྐྱང་བྱེད་ཀྱི་ཡོད” ཁོང་གིས་ལག་ཏུ་གླིང་བུ་ཐོགས་ཏེ་བསིལ་བསིལ་རླུང་བུའི་ཁྲོད་དུ་བཏང་བས། གངས་ལྗོངས་ཀྱི་བརྗིད་ཆགས་པའི་མཛེས་ལྗོངས་དང་ལུས་སེམས་ལ་དགའ་བ་སྟེར་བའི་འགྱུར་ཁུག་གཉིས་མཉམ་དུ་འགྲོགས་པ་ལས། དངོས་ཡོད་དང་གསོན་ཉམས་དོད་པའི་ནང་དོན་གྱིས་དོ་ཁུར་བྱེད་མཁན་ཁྲི་བརྒྱ་ཡི་ཡིད་དབང་བཀུག་ཡོད།

ལོ་མང་རིང་ཁོང་གིས་རྩལ་ནུས་ལ་རྩེ་གཅིག་ཏུ་སྦྱངས་པ་དང་། དེ་སྔ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་རིག་རྩལ་གྱི་གསེར་གྱི་བྱ་དགའ་ཡང་རག་མྱོང་ཡོད་ལ། ས་ཆ་མང་པོ་ཞིག་གི་རིག་གནས་ཡུལ་སྐོར་གྱི་དྲིལ་བསྒྲགས་ཕོ་ཉའང་བྱེད་མྱོང་ཡོད། ཁོམ་པ་ཡོད་རིམ་བཞིན་ཁོང་གིས་ལྷུན་གྲུབ་དང་། ཆུ་ཤུར། མལ་གྲོ་གུང་དཀར་བཅས་རྫོང་གི་གྲོང་གསེབ་ཁག་ཏུ་བསྐྱོད་དེ་པར་མིག་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཆམ་མཐུན་གྱི་འཚོ་བའི་མཛེས་རིས་དག་ཟིན་ཐོར་འགོད་ཀྱི་ཡོད།

ཡོན་ཏན་གྱིས་ལྷ་སའི་འཚོ་བའི་བྲོ་བ་ཟབ་མོས་རང་ཉིད་ཀྱི་རོལ་དབྱངས་ཕུགས་འདུན་སྦྲུམ་པས། རྟག་ཏུ་ཡུལ་འདིར་ལེགས་སྐྱེས་རེ་འབུལ་ཐུབ་ན་སྙམ་གྱི་ཡོད། སྤྱི་ཕན་རོགས་སྐྱོར་ཟམ་མི་ཆད་པར་བྱེད་པ་དང་གྲོང་གསེབ་ཀྱི་ཕྲུ་གུ་དང་མི་ཧྲེང་རྒན་རྒོན་ལ་དྲོ་སྐྱིད་སྦྱིན་བཞིན་ཡོད། ལྷག་པར་དུ་རིམས་ནད་སྐབས་སུ་རང་འགུལ་ངང་དང་བླངས་ཞབས་ཞུའི་ནང་ཞུགས་པ་དང་དེའི་རིང་དྲོད་འཁོལ་འཁྱིལ་བའི་བརྙན་ཐུང་ཡང་བཟོས་ཡོད།

ལྷ་སར་རྩ་བ་ཚུགས་པའི་དམངས་ཁྲོད་སྒྱུ་རྩལ་པ་ཞིག་ཡིན་པའི་ཡོན་ཏན་གྱིས་སྒྱུ་རྩལ་གྱི་བྱང་ཆར་བརྟེན་ནས་འབད་འབུངས་ལྷོད་མེད་བྱས་ཏེ། འགྱུར་ཁུག་སྙན་མོར་བརྟེན་ནས་སྐྱེ་བོ་མང་པོར་དྲོད་འཁོལ་སྦྱིན་པ་དང་། སེམས་བཟང་པོ་མི་ཡི་རྒྱན་དུ་བརྩིས་ཏེ་མི་དཀྱུས་མ་ཞིག་གི་ཆེས་བབ་ཆགས་པའི་བརྟན་སྲུང་ལ་བརྟེན་ནས་ཁོང་དང་ལྷ་སའི་དབར་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་གླེང་བཞིན་མཆིས།