རྔ་སྒྲ་ལྷང་ལྷང་གྲགས་པ་དང་བསྟུན་ནས་ཞབས་བྲོའི་སྟངས་སྟབས་ཉམས་དང་ལྡན། ཉེ་ཆར། གྲོ་མོ་རྫོང་དུད་སྣེ་ཤང་ཆུ་སྨད་གྲོང་ཚོའི་རིག་གནས་བྱེད་སྒོའི་ཐང་ཆེན་དུ“སྲམ་གཞས་ཆེན”གྱི་འཁྲབ་ནས་གྲོང་ཚོ་དེའི“རྒན་རྒོན་དང་བྱིས་པ་ཚོར”ཐུགས་ཁུར་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། “སྲམ་གཞས་ཆེན”ནི་ལོ་བདུན་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་དུད་སྣེ་ཤང་གི་སྲམ་གྲོང་ཚོ་བཞིའི་སྲོལ་རྒྱུན་གྱི་གཞས་ཆེན་ཞིག་ཡིན་པ་དང་། ད་ལྟ་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁོངས་སུ་ཚུད་ཡོད། ཉེ་བའི་ལོ་ཤས་རིང་ལ། གྲོ་མོ་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་དྲིལ་བསྒྲགས་འགྲེམས་སྟོན་དང་མངོན་མིན་རིག་གནས་ཤུལ་བཞག་དམངས་ཕན་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས་མངོན་མིན་རིག་གནས་ཤུལ་བཞག་མང་ཚོགས་ལ་ཉེ་བཅར་དང་འཚོ་བ་དངོས་ནང་འདྲེས་རྒྱུར་སྐུལ་འདེད་བཏང་བས། གར་སྟེགས་སྣ་ཚོགས་སུ་རྟག་ཏུ“སྲམ་གཞས་ཆེན”སོགས་མངོན་མིན་རིག་གནས་ཤུལ་བཞག་འཁྲབ་ཀྱིན་ཡོད།
བྱེད་སྒོ་འགོ་ཚུགས་མ་ཐག གནའ་ཉམས་དོད་པའི་གཞས་ཚིག་དང་དབྱངས་འགྲོས་གསལ་བའི་རྔ་སྒྲ་དང་ཆབས་ཅིག གཟབ་མཆོར་ལེགས་པར་སྤྲས་པའི་གར་མཁན་ཚོས་སྟངས་སྟབས་འཁྲུག་པོ་བསྒྱུར་ནས“སྲམ་གཞས་ཆེན”འཁྲབ་པ་དང་། ངོ་མཚར་ཆེ་བའི་འཁྲབ་སྟོན་ལས་ཐལ་མོའི་རྡེབ་སྒྲ་བར་མེད་གྲགས་ཤིང་། རྒན་རྒོན་ཚོས་དབྱངས་འགྲོས་དང་བསྟུན་ནས་སྐད་ཤུགས་དམའ་པོས་མཉམ་དུ་གླུ་ལེན་པ་དང་ཕྲུ་གུ་ཚོས་ཀྱང་ཞབས་བྲོའི་སྟངས་སྟབས་ལ་ལད་མོ་བྱས་ཏེ་ས་ཡུལ་དངོས་སུ་དགའ་སྤྲོའི་རྣམ་པས་ཁེངས། གར་མཁན་བགྲེས་སོང་ལྷག་རྡོར་གྱིས“ངས་ལོ་སུམ་ཅུའི་རིང་གཞས་ཆེན་འཁྲབ་པ་ཡིན་ལ། ཞིང་ལས་ཚར་རྗེས་ཁོམ་པ་ཡོད་དུས་གྲོང་མི་ཚང་མ་ཁྲིད་ནས་འཁྲབ་ཀྱིན་ཡོད། དེ་རིང་ཆེད་མངགས་ཕྲུ་གུ་ཚོར་འཁྲབ་པ་ཡིན། སླད་ཕྱིན་ཁོང་ཚོས་རྒྱུན་འཛིན་ཐུབ་ན་བསམས”ཞེས་བཤད།
བྱེད་སྒོ་སྤེལ་ཡུལ་དུ་ད་དུང་འོས་འགན་སྨན་བཅོས་སྟེགས་བུ་བཙུགས་ཤིང་། སྨན་དོན་མི་སྣས་རྒན་རྒོན་ལ་ཁྲག་ཤེད་ལྟ་བ་སོགས་བྱས་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དེ་གར་ཡོད་པའི་ལོ་80ཡན་གྱི་རྒན་རྒོན་དང་། ཏང་ཡོན་རྒན་གྲས། ཕྲུ་གུ་རྣམས་ལ་མཉམ་དུ་སྐྱེས་སྐར་བཏང་བ་རེད།
བྱེད་སྒོ་མཇུག་འགྲིལ་རྗེས། བྱིས་པ་ཁ་ཤས་ཀྱིས་ཐང་ཆེན་དུ་ད་དུང་ཞབས་བྲོའི་སྟངས་སྟབས་ལ་ལད་མོ་བྱས་ཏེ་འཁྲབ་ཀྱིན་ཡོད་པ་དང་། ཆུ་སྨད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་ཡིས“རྒན་རྒོན་གྱིས་འཁྲབ་པ་དང་ཕྲུ་གུས་མཉམ་དུ་སློབ་སྦྱོང་བྱེད་ཀྱི་ཡོད། དེ་ལྟར་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཚེ་ང་ཚོའི་གྲོང་ཚོའི་སྲམ་གཞས་ཆེན་རིག་གནས་ཀྱང་མི་ཉམས་པར་གནས་ཐུབ”ཅེས་བཤད།