སོག་རུ་བསྟན་འཛིན་ཉི་མ།
འཛོམས་པའི་མཐའ་མ་འབྲལ་དགོས་པ་ནི་འཇིག་རྟེན་གྱི་ལྡོག་ཏུ་མེད་པའི་ཆོས་ཉིད་རེད། རིང་ཡང་རིང་ལ་ཐུང་ཡང་ཐུང་བའི་བགྲང་བྱ་ཧྲིལ་པོ་གསུམ་ལ་འདི་ལྟར་རྫོགས་ཚིག་འགོད་རན་དུས། ཁོ་བོའི་སེམས་ཀྱི་ནམ་མཁའི་ངོས་སུ་སྐྱིད་སྡུག་འདྲེས་མའི་ཆུ་འཛིན་ལང་ལོང་དུ་འཁྲིག་བཞིན་མཆིས། སྙིང་ཉེ་བའི་སློབ་བུ་རྣམས་ལའང་དེ་འདྲའི་ཚོར་སྣང་ཡོད་ངེས་ཏེ། བློ་སེམས་གཅིག་ཏུ་མཐུན་པའི་ན་ཟླ་དང་། ལམ་སྟོན་གནང་མཁན་གྱི་དགེ་བའི་བཤེས་གཉེན། ཡུན་རིང་འདྲིས་ཤིང་གོམས་པའི་སློབ་གྲྭའི་ཡོད་ཚད་བདེ་བར་འཇོག་དགོས་གཤིས། ཡང་ཡང་ཞེ་ལ་འཁྲེང་བ་འདི་འགྲོ་བ་མིའི་རང་གཤིས་ཤིག་ཀྱང་ཡིན། ཕྱོགས་གཞན་ཞིག་ནས་བསམས་ཚེ། འདུ་བྲལ་ནི་མི་ཚེའི་བརྒྱུད་རིམ་ཁྲོད་ངེས་པར་འཕྲད་ངེས་པའི་ལམ་བུ་ཞིག་ཡིན་ལ། བརྒྱུད་རིམ་འདི་ཕར་ལ་བསྐྱལ་ཚེ་འཚོ་བ་གསར་པ་ཞིག་གི་འགོ་བརྩམས་པ་ཡིན་པས། ཡིད་ཆེས་དང་སྤོབས་པ་ཆེན་པོས་མདུན་ནས་མདུན་དུ་སྐྱོད་ཅིག
ཕྱིར་དྲན་གྱི་སྲབ་ཁ་ལོ་ཟླའི་རྩྭ་ཐང་ལ་བསྒྱུར་ཚེ། ཁོ་བོའི་སེམས་ཀྱི་ཟབ་སར་སྙིང་ཉེ་བའི་སློབ་བུ་ཁྱེད་ཅག་དང་འབྲེལ་བའི་གཏམ་རྒྱུད་འབེལ་པོ་ཞིག་འདས་མ་ཐག་པའི་ཁ་སང་གི་གནས་ཚུལ་ཇི་བཞིན་སེམས་ལ་འཚང་ཡོང་། རི་ཀླུང་གི་ཁྱོན་ལ་གསེར་མདོག་གི་ན་བཟའ་བཀླུབས་ཤིང་། འབྲས་བཟང་སྨིན་པའི་ཉིས་སྟོང་ཉེར་གཉིས་ལོའི་སྟོན་ཁའི་དུས་ཚིགས་དེ་ལ་འུ་ཅག་ཐུག་འཕྲད་ཐོག་མར་བྱུང་ཞིང་། བགྲང་བྱ་གསུམ་གྱི་རིང་ལ་སྐྱིད་ཀྱི་རྟ་ཕོ་མཉམ་བཞོན་དང་། སྡུག་གི་ཁུར་པོ་མཉམ་འཁུར་གྱི་ལས་འབྲེལ་སྨིན། ཉིན་དེར་ངས་ཁྱེད་ཅག་ལ་འདྲ་པར་རེ་བསྒྲོན་ལ། ཞོར་དུ་ཁྱིམ་ལ་མི་དུ་ཡོད་པ་དང་། དེ་དག་ཁྱེད་རང་དང་འབྲེལ་བ་ཅི་ཞིག་ཡིན་པ་ཤོད་དུ་བཅུག་པ་ཡིན། དོན་དུ་འདྲ་པར་སྒྲོན་དུས་ངས་ཁྱེད་ཅག་གི་མིང་ཐོའི་གོ་རིམ་ཇི་བཞིན་འདྲ་པར་བསྒྲོན་ཞིང་། མྱུར་དུ་ངེས་སླ་བའི་ཆེད་དུ་འདྲ་པར་གྱི་ངོས་སུ་མིང་བྲིས་པ་ཡིན། ནང་མི་མཚམས་སྦྱོར་བྱེད་དུ་འཇུག་དོན་ནི་ཁྱིམ་ཚང་ལ་རྒྱུས་ལོན་པའི་ཆེད་དུ་ཡིན་ཞིང་། རྗེས་སོར་སློབ་གྲྭའི་འཚོ་བའི་ཁྲོད་དུ་དོན་རྐྱེན་འདྲ་འབྱུང་ཚེ་ཕ་མ་མེད་པའི་དྭ་ཕྲུག་ལ་ཁྱེད་རང་གི་ཕ་མ་སྐད་ཐོངས་ཞེས་མེད་པར་ཁྲིད་ཤོག ཤི་བ་གསོན་ཤོག་ཟེར་བ་སོགས་ཡིད་སྐྱོ་བའི་གཏམ་རྒྱུད་འདི་འདྲ་མི་འབྱུང་བའི་སླད་དུའང་ཡིན།
སྐྱེ་བོ་གང་ཞིག་སྐྱེ་བ་ནས་འཆི་བའི་བར་གྱི་དུས་སྐབས་དེ་ལ་མི་ཚེ་ཟེར་ཞིང་། མི་ཞིག་གི་མི་ཚེའི་ནང་འཚར་ལོངས་ཆེས་མགྱོགས་པའི་དུས་རིམ་གཉིས་ཡོད། གཅིག་ནི་སྐྱེས་པ་ནས་ལོ་གསུམ་ཙམ་གྱི་དུས་ཡིན་པ་དང་། གཅིག་ཤོས་ནི་ལང་ཚོ་དར་བའི་སྐབས་རེད། དམའ་འབྲིང་གི་དུས་རིམ་ནི་ཏག་ཏག་ལང་ཚོའི་དུས་ལ་འཁེལ་བས་ཁྱེད་ཅག་གི་འཚར་ལོངས་ཧ་ཅང་མགྱོགས། བགྲང་བྱ་གསུམ་གྱི་གོང་དུ་ཕྱི་གཟུགས་ཀྱི་རིང་ཚད་དང་། ནང་སེམས་ཀྱི་བསམ་པའི་འཛིན་སྟངས་སོགས་གང་གི་ཆ་ནས་བལྟས་ཀྱང་བྱིས་པ་ཞིག་ཡིན་ནའང་། ད་ནི་ཚད་དང་ལྡན་པའི་གཞོན་ནུ་ཤ་སྟག་ཆགས་འདུག བགྲང་བྱ་གསུམ་གྱི་ནང་ལ་ཁྱེད་ཅག་ལ་འགྱུར་བ་ཤིན་ཏུ་ཆེ་སྟེ། ཕྱི་ལུས་ཁམས་ཀྱི་ཆ་ནས། བུ་རྣམས་ལུས་སྟོབས་རྒྱས་པ། སྐད་གདངས་སྦོམ་དུ་ཕྱིན་པ། སྨ་ར་ཐར་ཐོར་སྐྱེས་པ། ཨོལ་མདུད་རྒྱས་པ་སོགས་དང་། བུ་མོ་རྣམས་འཚར་ལོངས་མགྱོགས་པས་ལུས་པོ་ཕྲ་ལ་རིང་བ། ཟླ་མཚན་འབབ་པ། ནུ་མ་རྒྱས་པ་སོགས་མངོན་གསལ་དོད་པའི་སྣང་ཚུལ་བྱུང་ཡོད། ཕྱི་ལུས་ཀྱི་འཚར་ལོངས་དང་བསྟུན་ནས་ནང་སེམས་ཀྱི་འཇིག་རྟེན་ལ་རང་གི་ལྟ་བ་ཐམས་ཅད་ཡང་དག་པར་འཛིན་ཞིང་། སྒྲུབ་མི་ཐུབ་པའི་བྱ་བ་ཅི་ཡང་མེད་པའི་གདེང་ཚོད་སྐྱེ་ཡི་ཡོད་ནའང་། འཚོ་བའི་ཉམས་མྱོང་དང་ཤེས་བྱའི་ཆུ་ཚད་མ་འདང་བའི་དབང་གིས་ནོར་འཛོལ་གྱི་ལམ་བུ་མང་དག་ཅིག་བརྒྱུད་ཅིང་། དེ་ལ་བཀག་འགོག་དང་སློབ་གསོ་གནང་མཁན་གྱི་ཕ་མ་དང་དགེ་རྒན་སོགས་ཁྱེད་ཅག་ལ་སྙིང་ཉེ་བའི་སྐྱེ་བོ་དེ་དག་དང་རྒྱང་ནས་རྒྱང་ལ་གྱེས་འདོད་ཀྱི་བློ་ཁ་རྒྱས་ཤིང་། དཀའ་ངལ་མི་ཉུང་བ་ཞིག་ཀྱང་འཕྲད་ཡོད། ཕ་མ་དང་དགེ་རྒན་སོགས་ཀྱིས་ངང་རྒྱུད་ཆུ་བོའི་རྒྱུན་དང་འགྲོགས་ནས་ཁྱེད་ཅག་ལ་ནམ་ཡང་འཁང་ར་དང་ལེ་བདའ་མེད་པར་ལྟ་སྐྱོང་དང་ཁ་ཏ་བྱ་ངེས། རྒྱུ་མཚན་ནི་དུས་རིམ་འདི་ལ་སློབ་གསོ་རིག་པའི་ནང་དུ་ངོ་ལོག་གི་དུས་ཟེར་ཞིང་། དུས་རིམ་འདི་འདྲ་ཞིག་བརྒྱུད་དགོས་པ་ནི་ལུས་སེམས་འཕེལ་རྒྱས་ཀྱི་ཆོས་ཉིད་ཡིན་ལ། ལོ་ཟླའི་འཁོར་འགྲོས་ཀློང་དུ་རང་གི་འཚོ་བའི་ཉམས་མྱོང་གསོག་པ་དང་། ཤེས་བྱ་ཕུན་སུམ་ཇེ་ཚོགས། དངོས་ཡོད་འཚོ་བའི་ཁྲོད་ཕམ་ཁ་རག་པ་སོགས་ལ་བརྟེན་ནས་རིམ་བཞིན་འགྱུར་བ་འགྲོ་བཞིན་མཆིས།
འཕགས་པ་ཀླུ་སྒྲུབ་ཀྱིས། གཞོན་པའི་དུས་སུ་རིག་པ་བསླབ། །ཞོ་འདོད་བ་ནི་དགུན་ནས་གསོ། །དྲོད་གཤེར་ལྡན་དུས་ས་བོན་གདབ། ། འདི་གསུམ་འབྲས་བུ་སྨིན་པའི་རྒྱུ། །ཞེས་གསུངས་པ་ལྟར། ཁྱེད་ཅག་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ནས་ཤེས་བྱ་རྒྱ་མཚོའི་ཀློང་དུ་བརྩོན་འགྲུས་ཀྱི་གསེར་མིག་ཉ་མོ་ཅི་དགར་འཁྱུག་རྩལ་འགྲན་ནས་ཤེས་རིག་གི་བདུད་རྩི་མྱངས་ཡོད་ལ། མ་འོངས་ཀྱི་ལོ་ཟླ་རིང་མོའི་ནང་སྔར་བཞིན་དཔེ་ཀློག་དང་ཁ་འབྲལ་མི་རུང་།
ཤེས་བྱ་ཡོན་ཏན་དང་རང་བཞིན་བཟང་པོ་ནི་ཐང་དཀར་རྒོད་པོ་ནམ་འཕང་གཅོད་པའི་གཤོག་ཟུང་ལྟ་བུ་ཡིན། དེང་གི་དུས་འདིར་ཁྱིམ་བདག་དང་སློབ་གྲྭ སྤྱི་ཚོགས་ཀྱིས་སློབ་མའི་ཤེས་བྱ་ཡོན་ཏན་ལ་མཐོང་ཆེན་གྱིས་ཚོད་རྒྱུགས་རབ་དང་རིམ་པ་ལེན་པ་ལས། རང་བཞིན་བཟང་པོའི་ཀུན་སྤྱོད་ལ་ལྷོད་གཡེང་ཤོར་བཞིན་པ་ནི་དོན་དངོས་རེད། གཤོག་ཡ་མེད་པའི་ཐང་དཀར་རྒོད་པོས་ནམ་འཕང་གཅོད་མི་ཐུབ་པ་ཇི་བཞིན་རང་བཞིན་དྲང་པོ་མེད་པའི་སྐྱེ་བོ་གང་ཞིག་གིས་གཉེན་ཉེ་འབྲེལ་དང་སྤྱི་ཚོགས་ལ་ཕན་འདོགས་དཀའ། དེ་བས་ན། རང་བཞིན་བཟང་པོའི་ཀུན་སྤྱོད་ལ་གཙིགས་སུ་འཛིན་དགོས་པ་ནི་གལ་འགངས་ཆེ། གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་མཆོག་གིས། ཀླད་ཆུང་རང་བཞིན་ངན་པ་ལ། །ཡོན་ཏན་ཡོད་ཀྱང་ཕན་མི་ཐོགས། །རྩ་བ་དུག་ཏུ་གནས་པ་ཡི། །མེ་ཏོག་མཛེས་ཀྱང་སུ་ལ་མཁོ། །ཞེས་རང་བཞིན་ངན་པའི་གནོད་སྐྱོན་དང་ཤུགས་ནས་རང་བཞིན་བཟང་པོའི་དགོས་མཁོ་གསུངས་ཡོད། ལོ་འདི་དག་གི་རིང་ལ། ཁོ་བོས་སློབ་བུ་རྣམས་ཀྱི་ཀུན་སྤྱོད་ལ་དམིགས་གསལ་གྱིས་དོ་སྣང་བྱེད་ཁུལ་བྱས་ནས་དེ་ལ་དེ་བསྟུན་གྱི་ཁ་ཏ་དང་སློབ་གསོ་རྒྱག་མྱོང་། ལར་ཀུན་སྤྱོད་ཀྱི་སློབ་གསོའི་ཕྱོགས་ལ་ཁྱིམ་ཚང་གི་ཀུན་སྤྱོད་སློབ་གསོ་དང་། སློབ་གྲྭའི་ཀུན་སྤྱོད་སློབ་གསོ། སྤྱི་ཚོགས་ཀྱི་ཀུན་སྤྱོད་སློབ་གསོ་བཅས་ཁག་ཆེ་བ་གསུམ་ཙམ་ཡོད་ཅིང་། དེ་ཡང་། སློབ་གྲྭའི་ཁོར་ཡུག་ནས་སློབ་མར་ཀུན་སྤྱོད་ལེགས་པོ་ཞིག་འཇགས་པར་མ་མཐར་ཕྱོགས་འགའ་ནས་ཤུགས་རྒྱག་དགོས་པར་སྣང་སྟེ། དགེ་རྒན་ནི་སློབ་མའི་ལམ་སྟོན་གྱི་སྒྲོན་མེ་ཡིན་ལ། ལམ་ནོར་གྱི་གཡང་ལས་སྐྱོབ་པར་བྱེད་པའི་ཐབས་མཁས་ཀྱི་དཔའ་བོ་དེའང་ཡིན། སློབ་མའི་སེམས་ཀྱི་དཀྱིལ་འཁོར་ཀློང་དུ་དགེ་རྒན་ནི་གུས་བཀུར་དང་ཡིད་སྨོན་ཞུ་སའི་སྐྱེ་བོ་ཞིག་ཡིན་པས། དགེ་རྒན་གྱི་འགྲོ་འདུག་སྤྱོད་གསུམ་གྱིས་སློབ་མར་ཤུགས་རྐྱེན་ངེས་ཅན་ཐེབས་ངེས། དེས་ན། སློབ་གསོ་སློབ་ཁྲིད་ཀྱི་འཚོ་བའི་ཁྲོད་དུ་དགེ་རྒན་གྱིས་སྒོ་གསུམ་ཀུན་སྤྱོད་ཡང་དག་གི་སྒོ་ནས་སློབ་མ་ལ་རང་དཔེ་གཞན་སྟོན་གྱི་ཤུགས་རྐྱེན་ཐེབས་སུ་འཇུག་དགོས།
སློབ་བུ་ཚོ། ཆུང་དུས་སུ་རྒྱང་རིང་གི་ནམ་མཁའི་མཐའ་དང་། རི་བོའི་ཕར་ངོགས་སུ་ཅི་ཡོད་དམ་སྙམ་པའི་སྟོང་བསམ་སྒོམ་ཨེ་མྱོང་། ད་ནི་ཁྱེད་ཅག་བགྲང་བྱ་གསུམ་གྱི་ལས་འགན་ཡོངས་སུ་ལེགས་གྲུབ་བྱུང་ནས་སློབ་གྲྭ་འདི་དང་། དགེ་རྒན། ཁྱིམ་ཚང་གཅིག་ལྟ་བུའི་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་གྱི་སློབ་གྲོགས་རྣམས་ལ་གྱེས་ཕྱག་འབུལ་བའི་དུས་ལ་བསླེབས་སོང་། རང་གི་ཕུགས་བསམ་གྱི་ཆེད་དུ་ཕ་ཡུལ་གྱི་ཡོད་ཚད་རྒྱང་དུ་བསྐྱེད་དེ་ནམ་མཁའི་མཐའ་དང་། རི་བོའི་ཕར་ངོགས་སུ་ཅི་ཞིག་ཡོད་པ་དངོས་སུ་ལྟ་བར་ཆས་ཆོག ཁ་དཔེར། ཕོ་ལོ་ལྔ་གསུམ་བཅོ་ལྔ་གྲོས་ཕ་ལ་མི་འདྲི། མོ་ལོ་ལྔ་གསུམ་བཅོ་ལྔ་ཟས་མ་ལ་མི་སློང་ཞེས་པའི་དུས་ལ་ཐོན་པས། བྱ་བ་གང་ཞིག་སྒྲུབ་ཀྱང་བསམ་བློ་དྲུག་གསུམ་བཅོ་བརྒྱད། བློ་རྩེ་ཉི་ཤུ་རྩ་ལྔ་སྤྱད་དེ་བདེན་པ་དང་གནས་ལུགས་གཙུག་ཏུ་བཀུར་ནས་གདེང་ཚོད་དང་། སྤོབས་པ་ཆེན་པོས་སྒྲུབ་དགོས།
ཤ་ཚ་བའི་ཁ་ལ་གཏམ་སྙན་མེད་ཅེས་པ་ལྟར། ཁྱེད་ཚོས་སློབ་གྲྭའི་ནང་སྒྲིག་འགལ་གྱི་བྱ་ངན་སྤེལ་དུས། དགེ་རྒན་གྱིས་ཐལ་དྲགས་པའི་སྐད་ཆ་མང་པོ་ཞིག་སྨྲས་པར་ཁྱེད་ཚོའི་སེམས་ལ་རྨ་ཁ་དང་ཕོག་ཐུག་བཟོ་སྲིད་པས་དགོངས་དག་ཞུ། འུ་ཅག་གི་འཛིན་གྲྭ་འདི་སློབ་མ་ང་གཉིས་དང་དགེ་རྒན་བཅུ་གཉིས་ལས་གྲུབ་ཅིང་། ཁོ་བོ་ནི་འཛིན་བདག་ཡིན་པས་ཁྱེད་ཅག་དང་ཆེས་ཐག་ཉེ་ཤོས་ཀྱི་མི་དེ་ཡིན། ངས་སློབ་མ་སོ་སོའི་སློབ་སྦྱོང་གི་གནས་ཚུལ་དང་། གཤིས་ཀ སྤྱོད་ལམ། དགའ་ཕྱོགས། ཕ་ཡུལ་སོགས་སྦར་མཐིལ་དུ་སྐྱུ་རུ་ར་བཞག་པ་ཇི་བཞིན་གསལ་པོ་ཤེས། བགྲང་བྱ་འདི་དག་གི་རིང་ལ། རྫི་བོས་ལུག་ཁྱུ་འཚོ་བ་ལྟར་སློབ་བུ་རྣམས་བརྩེ་བའི་མིག་གིས་འཚོས་ནས་ལྷག་བསམ་དྭངས་མས་སློབ་གསོ་གཏོང་ཁུལ་བྱས་ཡོད། ད་ནི་གྱེས་བྲལ་གྱི་དུས་ལ་སླེབས་དུས། སེམས་པ་ལྗིད་ཏིག་ཏིག་གི་ཚོར་བས་མནན་ཏེ། དུས་ཚོད་ཀྱི་གོམ་འགྲོས་དེ་དལ་ཙམ་བྱུང་ན་ཅི་མ་རུང་ཨང་སྙམ། གང་ལྟར། གྱེས་བྲལ་གྱི་ལས་དབང་ནི་ལྡོག་ཏུ་མེད་གཤིས་ཐབས་ཅི། དུས་ཚིགས་འདིར་རླུང་བུ་འཇམ་པོ་དལ་གྱིས་ལྡང་ཞིང་། རི་ཀླུང་ཐམས་ཅད་ལ་སྔོ་ལྗང་གི་ན་བཟས་བཀླུབས། བྱ་བྱིའུ་ཡི་གསུང་སྙན་བར་མེད་དུ་སྒྲོག གཡུ་མདོག་རྩྭ་ཐང་ཐོག་རྟ་ནོར་ལུག་གསུམ་བག་ཕེབས་ངང་ཞིམ་མངར་རྩྭ་ཆུར་ལོངས་སུ་སྤྱོད་ཅིང་། ཅི་དགར་རྩེད་འཇོར་རོལ། ཡོད་ཚད་ལ་གསོན་ཤུགས་རྒྱས་དུས་འདིར། བརྩེ་བའི་སློབ་མ་རྣམས་དམའ་འབྲིང་ཡིག་རྒྱུགས་ལས་རྣམ་པར་རྒྱལ་ཞིང་། མི་ཚེའི་ཤུལ་ལམ་རིང་མོར་བསམ་དོན་ཡིད་བཞིན་འགྲུབ་པ་དང་མི་ཚེ་དོན་དང་ལྡན་པའི་སྨོན་འདུན་ཡང་ཡང་ཞུའོ།།