ལྕང་གླིང་གྲུ་བཞིའི་ནང་དུ། །
འཇོལ་མོའི་གསུང་སྐད་སྙན་པ། །
དྲུག་འགྱུར་དབྱངས་ཀྱི་རོལ་མོ། །
འཇོལ་མོའི་ངག་ན་ཡོད་རེད། །
ཀྱུར་ཀྱུར་གསུང་སྙན་སྒྲོག་དུས། །
གནག་སྣུམ་ཚང་ཚིང་སྐྱིད་པ། །
གཡུ་ལོའི་འདབ་བརྒྱ་གྲོལ་དུས། །
འཇོལ་མོ་གནས་བཟོད་བདེ་བ། །
ཟམ་ཟིམ་ཆར་པའི་ཟེགས་མ། །
མུ་ཏིག་དོ་ཤལ་འདྲ་བ། །
ནགས་མའི་ཀླུང་ལ་འཐོར་དུས། །
ནེམ་ཤ་ལྷག་པར་དོད་སོང་། །
ཟིལ་པའི་ཟེགས་མ་ཕྲ་མོ། །
ལས་ཀྱི་དངོས་གྲུབ་ཡིན་སོང་། །
བྱེའུ་ཆུང་འཇོལ་མོའི་ངག་གི །
རེ་བའི་བདུད་རྩི་ཡིན་སོང་། །
སྐྱིད་ཀྱང་སྐྱོ་ཤས་ལོས་ཡོད། །
སང་གནངས་ག་འགྱུར་ཆ་མེད། །
སྡུག་ཀྱང་སྡུག་མདོག་མི་དགོས། །
སྐྱོ་བ་བསངས་དུས་ཡོད་རེད། །
ཆོག་ཤེས་སེམས་ལ་ཡོད་ན། །
འཁང་ར་གཞན་ལ་མི་དགོས། །
འཇོལ་མོའི་གསུང་སྐད་ཐོས་དུས། །
རང་སེམས་ལྷོད་ལ་བབས་ཡོང་། །