ལྷ་ཕྲུག
མཐོན་མཐིང་གི་ཨ་སྔོན་དབྱིངས་སུ། འོད་གོར་གྱིས་བརྒྱན་པའི་ཉི་མ་ཞིག སྐར་ཚོགས་དང་ཟླ་འོད་གྲོགས་སུ་སྦྲན་ནས། མུན་ནག་གི་གོ་སྐབས་ཡོད་ཚད་བཅོམ། མཛེས་སྡུག་གི་ཡ་གླིང་ཤར་ངོས་སུ། མཁས་མཛངས་ཀྱིས་ཕྱུག་པའི་སྲིད་ཏང་ཞིག རྣམ་དཔྱོད་དང་ཕུགས་འདུན་གྲོགས་སུ་སྦྲན་ནས། བཙན་འཛུལ་དང་དབང་ཤེད་ཡོད་ཚད་བཅོམ།
ཆིང་གི་དུས་མཇུག་དང་མིང་གོ་ཡི་དུས་འགོར། ང་ཚོ་ནི་བརྙས་བཅོས་དང་མཐོང་ཆུང་གཟེད་མཁན་ཞིག ཁྲེལ་གཞུང་མེད་པའི་བཙན་འཛུལ་གཡོ་ཇུས་འོག ང་ཚོ་ནི་རང་ས་རང་གིས་བསྲུངས་མི་ཐུབ་པའི་མི་ཚོགས་ཤིག
དུས་རབས་ཉི་ཤུ་པའི་ལོ་རབས་ཉེར་གཅིག་གི་བརྗེད་དཀའ་བའི་ཉིན་ཞིག རང་ཅག་ཀྲུང་གོ་བའི་ལས་དབང་ལ་ཡོངས་སུ་ཁ་ལོ་སྒྱུར་བའི་གྲུ་ཆུང་ཞིག ཕུགས་བསམ་དང་བཅིངས་འགྲོལ་དོན་གཉེར་གྱི་ནན་ཧུའི་མཚོ་ངོགས་ཀྱི་ཚོགས་འདུ་ཞིག གསང་སྟབས་དང་རྒྱལ་ཁམས་ཀྱི་ཚོད་བགམ་ཁྲོད་དུ་ལེགས་གྲུབ་བྱུང་བའི་ཚོགས་ཐེངས་དང་པོ།
འདི་ནི་འཛམ་གླིང་འདིར་སྙན་གྲགས་ཀྱི་བ་དན་གང་སར་གཡོ་བའི། རླབས་ཆེན་གུང་ཁྲན་ཏང་གི་དཔག་བསམ་ལྗོན་པའི་ས་བོན་ཡིན། འདི་ནི་ཀྲུང་ཧྭའི་མི་རིགས་ལྔ་བཅུ་ང་དྲུག་གི་ཆེས་ཐོག་མའི་རྟོགས་སད་ཀྱི་རྔ་སྒྲ་ཡིན། འདི་ནི་བཅིངས་འགྲོལ་དང་སྒྱུར་བཅོས་སྟོབས་ཆེན་ལ་ཁ་ལོ་སྒྱུར་མཁན་གྱི་ཡང་དག་སྲིད་ཏང་ཞིག རླབས་ཆེན་གྱི་གསར་བརྗེ་བ་རྒན་གྲས་རྣམས་ཀྱི་ཞུམ་པ་མེད་པའི་བློ་སྟོབས་ཀྱིས་བསྐྲུན་པའི་འགྲོ་ལམ་འདི། རང་ཅག་ཕྱི་རབས་པ་རྣམས་ཀྱི་རང་དབང་དང་བདེ་སྐྱིད་ཀྱི་འབྱུང་རྩ་ཡིན།
འདི་ནི་དྲང་བདེན་དང་རང་དབང་ལ་དགའ་ཞིང་བརྩོན་ལེན་བྱེད་མཁན་གྱི་ཀྲུང་གོ་བ་ཡོངས་ཀྱི་མགོན་སྐྱབས་ཡིན་ལ། འདི་ནི་ཞི་བདེ་དང་བསྐྱར་དར་ལ་དགའ་ཞིང་བརྩོན་ལེན་བྱེད་མཁན་གྱི་ཀྲུང་གོ་བ་ཡོངས་ཀྱི་དེད་དཔོན་ཡང་ཡིན།
རླབས་ཆེན་གྱི་སྲིད་ཏང་འདི་དབུ་བརྙེས་པ་ནས་བཟུང་། ང་ཚོར་ཞུམ་མེད་ཀྱི་སྙིང་སྟོབས་བསྩལ་ཡོད་ལ། ཀྲུང་གོ་བ་ཡོངས་ཀྱི་མཚན་སྙན་དང་གཟི་བརྗིད་གོ་ལ་ཧྲིལ་པོར་སྒྲོག་གིན་ཡོད། མུན་ནག་དང་། སྒོ་བཀག རྗེས་ལུས་ཀྱི་སྤྱི་ཚོགས་རྒྱང་ནས་རྒྱང་དུ་བསྐྲད་ཡོད་ལ། འོད་ཟེར་དང་། སྒོ་དབྱེ། སྔོན་ཐོན་གྱི་སྤྱི་ཚོགས་ཚུར་ནས་ཚུར་ལ་བསུས་ཡོད། འབྱོར་ཕྱུག་དང་། ཤེས་དཔལ། རྒྱལ་སྲུང་ནི་ནམ་ཡང་ནུབ་པ་མེད་པའི་ཕྱི་ཡི་ལྕགས་རི་རིང་པོ་ཡིན་ལ། མཐུན་སྒྲིལ་དང་། སྤེལ་རེས། ལ་རྒྱ་ནི་ནམ་ཡང་ཉམས་པ་མེད་པའི་ནང་གི་དམ་ཚིག་གཙང་མ་དེ་ཡིན། དམངས་གཙོ་དང་། ཞི་མཐུན། སྟོབས་ཆེན་ནི་ནམ་ཡང་འགྱུར་བ་མེད་པའི་འཛམ་གླིང་སྲིད་སྟེགས་ཀྱི་སྤོབས་པ་ཡིན་པས། འདི་དག་ནི་རླབས་ཆེན་དང་གཟི་བརྗིད་ཡང་དག་གི་མཚོན་བྱེད་དང་དཔང་རྟགས་ངོ་མ་ཡིན།
ད་ལྟ་འཛམ་གླིང་ཐོག་ས་ཆ་དང་ཐོན་ཁུངས་འཕྲོག་ལེན་གྱི་འཐབ་རྩོད་མེ་ལྟར་འབར་ན་ཡང་། རང་ཅག་ནི་ཞོ་ལྟར་ཆགས་པའི་ཞི་བདེ་མཉམ་གནས་ཀྱི་ལྷིང་འཇགས་ཀྱི་སྤྱི་ཚོགས་ནང་། རང་རང་གི་ལས་ལ་བརྩོན་ཞིང་ཟས་གོས་གནས་མལ་ཕུན་སུམ་ཚོགས་པས་འདི་འདྲ་སུམ་རྩེན་གནས་ལའང་ག་ལ་ཡོད། ང་ཚོར་དགྲར་འཛིན་སྟོབས་ཤུགས་གང་གིས་ཀྱང་ཐུབ་ཚོད་དང་བརྙན་བཅོས་བྱེད་མི་ཐུབ་སྟེ། ང་ཚོར་འགྲན་ཟླ་བྲལ་བའི་གུང་ཁྲན་ཏང་གི་སྲ་ཞིང་བརྟན་པའི་མགོན་སྐྱབས་ཡོད་པའི་ཕྱིར། ང་ཚོས་མི་རིགས་ང་དྲུག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ཞིང་མི་རིགས་བསྐྱར་དར་གྱི་ཕུགས་འདུན་རླབས་པོ་ཆེའི་མཛེས་རིས་བཀོད། ཡངས་པའི་ཀྲུང་ཧྭའི་རྒྱལ་ཁམས་སུ་ཅི་འདྲའི་བདེ་ཞིང་སྐྱིད་པའི་ཕུན་ཚོགས་དཔལ་ཡོན་འཛོམས་དུས་འདིར། གུང་ཁྲན་ཏང་ཉིད་ཁྲི་ལོར་བརྟན་པར་ཤོག་ཅེས་འབོད་པའི་སྒྲ་དབྱངས་རི་ཆུ་སྟོང་ཕྲག་བརྒལ་ནས་སྒྲོག་ངེས་ཡིན།