《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年07月05日

རང་ལུས་དཀའ་བའི་འདམ་ལ་ཐིམ་གྱུར་ཡང་། ཕྱིར་བཤོལ་སྤུ་ཙམ་མེད་པའི་སྙིང་སྟོབས་བརྟན།

—— དིང་རི་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱི་ལས་རོགས་ཉེན་རྟོག་པ་ལྷུན་གྲུབ་ཀྱི་སྐོར་བཀོད་པ།

ས་མཐོའི་ཉི་གཞོན་ཇོ་མོ་གླང་མར་འཕྲོས་མ་ཐག་དིང་རི་རྫོང་ཁོངས་ཀྱི་རྒྱལ་ལམ་318ཐོག་ལྷུན་གྲུབ་ཀྱིས་འོད་ལྡོག་ཁན་སྦྱར་གྱོན་ནས་ཉིན་གཅིག་གི་ལས་ལ་བྲེལ་འགོ་ཚུགས། ཡུལ་སྐོར་དུ་ཡོང་མཁན་མང་བའི་དུས་སུ་ཇོ་མོ་གླང་མར་སྐྱོད་མཁན་རླངས་འཁོར་ཧ་ཅང་མང་བས། ཁོང་དང་ལས་རོགས་ཚོས་ཉིན་མཚན་བལྟོས་མེད་དུ་ལས་གནས་བརྟན་སྲུང་བྱེད་ཀྱི་ཡོད།

“རྒྱ་མཚོ་ལའི་རྩེ་ནས་འབབ་སྐབས་ལམ་ཀྱག་ཀྱོག་མང་བས་མདུན་གྱི་རླངས་འཁོར་ལས་བརྒལ་མི་རུང་། ཉེ་དུས་སློབ་མ་སྐྱེལ་མཁན་རླངས་འཁོར་མང་བས་ངེས་པར་དུ་བདེ་འཇགས་ལ་དོ་སྣང་བྱེད་དགོས”ཞེས་ལྷུན་གྲུབ་ཀྱིས་ལམ་འགྲམ་དུ་ལངས་ནས་སུན་སྣང་མེད་པར་འགྲོ་འོང་བྱེད་མཁན་ཁ་ལོ་བར་དྲན་སྐུལ་ཡང་ཡང་བྱེད་ཀྱི་ཡོད།

ཁོང་གིས་འགྲིམ་འགྲུལ་གཤོངས་བ་དང་། ཁ་ལོ་བར་འཁོར་ལོ་བརྗེ་རོགས་བྱེད་པ། ཡུལ་སྐོར་བར་ལམ་སྟོན་པ་སོགས་ཀྱི་ལས་ཀ་ཙག་ཙིག་དང་སྤྱིར་བཏང་འདི་དག་བྱས་ནས་ལོ་12སོང་ཡོད།

1989ལོར་སྐྱེས་པའི་ལྷུན་གྲུབ་ནི་དིང་རི་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱི་ལས་རོགས་ཉེན་རྟོག་པ་ཞིག་ཡིན་པ་དང་། 2018ལོར་ཏང་ལ་ཞུགས། དབྱར་གྱི་ཚ་གདུག་དང་དགུན་གྱི་ལྷགས་རླུང་ཁྲོད་ཁོང་གིས་འཐབ་ས་དང་པོར་བསྐྱོད་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་འགྲོ་སྐྱོད་ཐད་ཀྱི་བདེ་འཇགས་བརྟན་སྲུང་བྱེད་བཞིན་ཡོད། ལོ་མང་རིང་ཁོང་གིས་རང་འགུལ་ངང་ས་ཡོམ་དང་འདམ་རྡོའི་ཆུ་རུད་སོགས་འཕྲལ་སྡོམ་ཉེན་སེལ་སྣ་ཚོགས་ཁྲོད་ཞུགས་རྒྱུའི་རེ་བ་བཏོན་པ་དང་། དཀའ་ཉེན་ཁྲོད་རང་ངོས་ལ་ཞུན་བརྡར་དང་ཐེག་པ་ཁུར་ལེན་ཡང་ཡང་བྱས་ཡོད། “ང་ཏང་ཡོན་ཡིན་པས་ང་མ་ཕྱིན་ན་སུ་འགྲོ་དགོས་སམ”དེ་ནི་ཁོང་གིས་རྟག་ཏུ་ཤོད་པའི་སྐད་ཆ་ཞིག་རེད།

དེ་སྔ་ལས་རོགས་ཚོས་ཁོང་ནི་ཧུར་བརྩོན་ཅན་ཞིག་རེད་ཟེར་བ་དང་ད་ལྟ་ཚང་མས་ཁོང་ནི་དེ་བས་སྲོག་བསྡོས་ཅན་ཞིག་རེད་ཟེར་གྱི་ཡོད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

2025ལོའི་ཟླ་1ཚེས་7ཉིན། ས་ཡོམ་རིམ་པ་6.8བརྒྱབ་ནས་དིང་རི་རྫོང་གྲམ་མཚོ་ཤང་གློ་བུར་དུ་ཉེན་ཁའི་གནས་སུ་གྱར། དེ་ནི་ལྷུན་གྲུབ་ཀྱི་སྒྱུག་མོ་སྡོད་སའི་ཤང་དེ་རེད། ལྷུན་གྲུབ་ཀྱི་བུ་ལོ་7ལ་སླེབས་པ་དང་བུ་མོ་ལོ་4ལ་སླེབས་པ་སྒྱུག་མོའི་སར་བཅོལ་ཡོད། ས་ཡོམ་བརྒྱབ་རྗེས་ཁོང་གིས་འཕྲལ་མར་རླངས་འཁོར་བཏང་ནས་དེ་གར་འབྱོར་སྐབས་སྒྱུག་མོའི་སྡོད་ཁང་ཞིག་རོར་གྱུར་པ་དང་ཕྲུ་གུ་གཉིས་ཞིག་རོའི་འོག་ཚུད་ནས་བཏོན་ཐུབ་མེད།

ཚན་པས་ལྷུན་གྲུབ་ངལ་གསོ་རྒྱག་ཏུ་བཅུག་ཀྱང་ཁོང་གིས་ཕྲུ་གུ་གཉིས་པོའི་རྗེས་མཇུག་རོབ་ཙམ་ཞིག་བྱས་རྗེས་སེམས་སྡུག་བཟོད་བསྲན་གྱིས་སླར་ཡང་རོགས་སྐྱོབ་ཀྱི་འཐབ་ས་དང་པོར་བསྐྱོད་རྒྱུའི་སེམས་ཐག་བཅད། “ངས་ལས་ཀ་མ་བྱས་པར་བསྡད་ཚེ་ཕྲུ་གུ་གཉིས་ལྷག་པར་དྲན་གྱི་འདུག”ཅེས་བཤད། དེ་རྗེས་ཀྱི་ཉིན་མཚན་གསུམ་རིང་ཁོང་གིས་གཉིད་སྐར་ཆ་ཙམ་ཡང་མ་ཉལ་བར་ཞིག་རོའི་ཁྲོད་ནས་མང་ཚོགས་འཚོལ་སྐྱོབ་དང་། དངོས་ཟོག་དབོར་འདྲེན། འགྲིམ་འགྲུལ་གཤོངས་བ་བཅས་བྱས་ཏེ་ངལ་དུབ་ཀྱིས་མནར་ནས་བཟོད་ཐབས་བྲལ་བའི་སྐབས་སུ་ཉལ་ཆས་དཀྲིས་ནས་ཡུད་ཙམ་ཉལ་བ་དང་་གཉིད་ལས་སད་རྗེས་མུ་མཐུད་མི་སྣ་འཚོལ་སྐྱོབ་ཀྱི་ལས་ལ་གཞོལ།

ཟླ་1ཚེས་11ཉིན། ཞིག་རོའི་ཁྲོད་ནས་ཐལ་རྡུལ་གྱིས་འཚོས་པའི་ཕྲུ་གུ་གཉིས་ཀྱི་བྱ་སྤུའི་སྟོད་གོས་དོན་སྐབས་ཁོང་གིས་སེམས་སྡུག་ཆེན་པོས་པུས་མོ་ས་ལ་བཙུགས་ནས་ངུས། ངུ་ཐག་ཆོད་རྗེས་མུ་མཐུད་ཡོམ་འགོག་གེགས་སེལ་གྱི་ལས་ཀ་བྱས།

2025ལོའི་ཟླ་དགུ་པར། ལྷུན་གྲུབ་ཀྱི་ནང་མི་ཚང་མ་གེགས་རྗེས་བསྐྱར་སྐྲུན་གྱི་སྡོད་ཁང་གསར་པར་སྤོས་པ་དང་། སྡོད་ཁང་གསར་པར་སྤོས་པའི་ཉིན་དང་པོར་ཁོང་གིས་ཐོག་ཁར་སྐར་ལྔའི་དར་དམར་ཞིག་བཙུགས་ནས“རྒྱལ་ཁབ་ཀྱིས་ང་ཚོར་སྡོད་ཁང་གསར་པ་བརྒྱབ་པས། ཏང་ཡོན་གྱིས་སྣེ་ཁྲིད་དེ་བཀའ་དྲིན་ཚོར་བར་བྱེད་པ་དང་འཚོ་བ་ཡག་པོ་སྐྱེལ་དགོས”ཞེས་བཤད།

ཡང་བསྐྱར་ལྷུན་གྲུབ་དང་འཕྲད་སྐབས་ཁོང་ཤ་དེ་བས་རིད་པར་གྱུར་བ་དང་། ངོ་གདོང་ནག་ལ་མཁུར་ཚོས་དམར་སྨུག་ཏུ་གྱུར་འདུག གནོད་འཚེའི་ཕོག་པའི་སྡུག་བསྔལ་ད་དུང་ཡལ་མེད་མོད། འོན་ཀྱང་ཁོང་གིས་ལས་གནས་འདིར་སྔར་བཞིན་ཧ་ཅང་དགའ་ཞེན་བྱེད་ཀྱི་ཡོད།“ཡོམ་འགོག་གེགས་སེལ་བྱས་རྗེས་མི་མང་པོ་ཞིག་གིས་ང་ངོ་ཤེས་པ་དང་ངར་སྐུལ་མ་གཏོང་གི་འདུག་པས་ངས་སྔར་བས་འབད་བརྩོན་བྱས་ཏེ། དཀའ་སྡུག་ལ་མ་སྐྲག་པར་ཚང་མའི་ཐུགས་ཁུར་ལ་ངོ་གནོང་མི་དགོས་པ་ཞིག་བྱེད་ཀྱི་ཡིན”ཞེས་བཤད།

ད་ཆ་ལྷུན་གྲུབ་ལ་གོམས་གཤིས་ཤིག་ཡོད་པ་སྟེ། ལས་ཐག་བཅད་རྗེས་རང་ཉིད་ཀྱི་རླངས་འཁོར་བཏང་ནས་རྒྱལ་ལམ་རྒྱུད་དུ་དོན་རྐྱེན་ཐོན་མིན་དང་རོགས་རམ་བྱེད་དགོས་མིན་ལ་ལྟ་བར་འགྲོ་གི་ཡོད། ཆུང་མས་ཁོང་ལ་བསམ་ཤེས་ཀྱིས་སྐབས་རེ་ཁོང་དང་མཉམ་དུ་འགྲོ་གི་ཡོད། ལོ་འདིར་ཁོང་གིས་གངས་ཁྲོད་དུ་ལུས་པའི་རླངས་འཁོར་འདོན་རོགས་བྱས་ཡོད་ལ། གློག་རྫོགས་པའི་གློག་སྒུལ་སྦག་སྦག་འཐེན་རོགས་བྱེད་པ་དང་ཆ་རྒྱུས་མེད་པའི་རྐང་ཐང་མར་སྐྱོད་མཁན་རླངས་འཁོར་བཏང་ནས་སྐྱེལ་བ་སོགས་ཐེངས་མང་བྱས་ཡོད།

ལོ་12རིང་ལྷུན་གྲུབ་ཀྱིས་ཐོག་མཐའ་བར་གསུམ་དུ་འགྲིམ་འགྲུལ་གྱི་འཐབ་ས་དང་པོ་བསྲུངས་ཡོད། རྒྱལ་ཡོངས་ཀྱི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་ལས་ཐོག་དཔེ་དམག་དང་། དུས་རབས་གསར་པའི་གཞོན་ནུ་གདོང་ལེན་པ། ཀྲུང་གོའི་མི་བཟང་སོགས་གཟི་བརྗིད་མཚན་སྙན་དེ་དག་གི་རྒྱབ་ཏུ་ཏང་ཡོན་ཁོང་གི་ཆེས་བབ་ཆགས་པའི་དད་སེམས་ཤིག་ནི་དཀའ་ཚེགས་ཆེ་ཤོས་ཀྱི་ས་ཆར་གཞི་ཚུགས་ནས་དཀའ་ལས་ཁག་ཤོས་ཀྱི་སྐབས་སུ་གདོང་མཆོང་བྱ་རྒྱུ་དེ་རེད།

(བདེ་སྐྱིད་ཀྱིས་བསྒྱུར། དབང་སྒྲོན་སྐྱིད་ཀྱིས་ཞུས)