《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月21日

༄༅་། བརྗེད་པར་དཀའ་བའི་ཐེངས་དང་པོ་།

སློབ་མ། ཕུར་བུ་བསྟན་འཛིན།

འཇིག་རྟེན་འདིའི་མི་གང་འདྲ་ཞིག་ཡིན་རུང་རང་ཉིད་ལ་བརྗེད་དཀའ་བའི་ཐེངས་དང་པོ་རེ་ཡོད་ངེས། ངའི་བརྗེད་དཀའ་བའི་ཐེངས་དང་པོ་ནི་སློབ་གྲྭར་ཞག་སྡོད་ཐེངས་དང་པོ་བྱེད་དུས་ཡིན།

དེ་དུས་ང་རང་ནི་ལོ་བདུན་ཙམ་ལ་སླེབས་མ་ཐག་པའི་བྱིས་པ་ཆུང་ཆུང་ཞིག་ཡིན་རུང་། བརྩེ་བའི་ཕ་མ་དང་ཁ་བྲལ་ཏེ་རྒྱུས་མངའ་གཏན་ནས་མེད་པའི་སློབ་གྲྭར་འཚོ་བ་སྐྱེལ་དགོས་པས། སེམས་ལ་འགྲོ་འདོད་མེད་ཀྱང་མ་འགྲོ་རང་འགྲོར་གྱུར་ལ། སློབ་གྲྭར་སྡོད་རིང་། ཕ་མ་དྲན་པའི་གདུང་བ་ཆེ་རུང་རང་ཉིད་ཀྱི་མདུན་ལམ་ཆེད་དུ་དཀའ་སྡུག་ག་ཚོད་ཆེ་ཡང་མ་སྡོད་རང་སྡོད་དུ་གྱུར། ཕ་མ་གཉིས་ཀྱི་འཁྲིས་སུ་ལོག་འདོད་ཧ་ཅང་ཆེ་ཡང་། རང་སེམས་གཅུན་ནས་སློབ་གྲྭར་ཡོན་ཏན་སྦྱོང་བཞིན་བསྡད།

ངས་རང་སེམས་རང་གིས་གཅུན་ཏེ་སློབ་གྲྭར་རང་དགོས་ཤེས་བྱའི་གནས་ལ་འབད་པ་ཆེན་པོས་སྦྱངས་པ་བྱས། དུས་ཚོད་ཀྱི་འཁོར་ལོ་བར་མེད་དུ་འཁོར་བཞིན་མིག་ཡུད་ཙམ་ཞིག་ལ་ང་རང་ལོ་རིམ་དྲུག་པར་བསླེབས། ད་ལྟ་ལོ་དྲུག་གི་སློབ་ཆུང་གི་འཚོ་བར་རྫོགས་ཚིག་འགོད་རན་པས། སེམས་ནང་བྲལ་མི་ཕོད་པའི་ཚོར་བ་ཞིག་ངང་གིས་སྐྱེས་ཡོང་།