འཇིག་རྟེན་འདིའི་སྐྱེ་བོ་ཐམས་ཅད་ལ་མཚོན་ན། རང་རང་གི་མི་ཚེའི་ནང་བྱམས་བརྩེ་དང་བཀའ་དྲིན་ཆེ་ཤོས་ནི་དྲིན་ཆེན་གྱི་ཨ་མ་ལགས་ཡིན་ལ། ཨ་མ་ནི་ང་ཚོ་འཇིག་རྟེན་འདིར་ཁྲིད་གནང་མཁན་དང་རང་ཉིད་ལ་མི་ལུས་གནང་མཁན་དེ་ཡང་ཡིན།
གལ་སྲིད་ཨ་མ་མེད་ན་དགའ་སྤྲོས་ཁེངས་པའི་དྲོ་སོབ་སོབ་ཀྱི་ཁྱིམ་ཚང་དེ་ཡང་ཡོང་མི་སྲིད་ལ། ད་ལྟའི་བདེ་སྐྱིད་ཀྱིས་ཕྱུག་པའི་འཚོ་བའང་ཡོད་མི་སྲིད། ཨ་མ་མེད་ན་ང་ཚོ་ལ་བདེ་སྐྱིད་འདི་འདྲ་གང་ནས་ཡོང་སྲིད་དམ། ཨ་མ་ཡོད་པས་དྲོ་སྐྱིད་ཡོད་ལ། ཁྱིམ་ཚང་ཆུང་ཆུང་དེར་ད་གཟོད་དགོད་སྒྲས་ཁེངས་ཡོད། ཨ་མས་བུ་ཕྲུག་གི་ཆེད་དུ་དཀའ་ངལ་ཁྲི་སྟོང་མང་པོ་ཁྱད་དུ་བསད་ནས་གདོང་མཆོང་བྱེད་ཕོད་ལ། དེས་མ་ཟད་དུས་དང་རྣམ་པ་ཀུན་ཏུ་ང་ལ་ཟ་ལུགས་འགྲོ་ལུགས་སྡོད་ལུགས་སོགས་མི་ཆོས་ཀྱི་སློབ་གསོའང་སྐྱོན་གནང་གི་ཡོད།
ཨ་མ་མེད་ན་ང་ཚོ་ཡང་ཡོང་མི་སྲིད་ལ། བློ་བདེ་བག་ཕེབས་ངང་སློབ་སྦྱོང་བྱེད་པའི་བསྐལ་པ་བཟང་པོ་འདི་འདྲ་དེ་བས་ཡོང་མི་སྲིད། ཨ་མ་མེད་ན་སུ་ཡིས་ང་ཚོ་ལ་འོད་སྣང་དང་བདེ་སྐྱིད་སྐྲུན་ཐུབ། དེར་བརྟེན། ང་ཚོས་ཆུང་དུས་ནས་ཨ་མའི་ཞལ་ལ་ཉན་པོ་བྱས་ཏེ་ཨ་མའི་རེ་བ་སྟོང་ཟད་དུ་གཏོང་མི་ཉན།