《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月21日

༄༅་། ང་ཡི་ཕ་ཡུལ་།

སློབ་མ། བསྟན་འཛིན་རྣམ་རྒྱལ།

སྔོ་ལྗང་ས་གཞི་ཡངས་པ་ནམ་མཁའ་འདྲ། ། གངས་རི་དཀར་པོ་གནམ་གྱི་ཀ་བ་འདྲ། །ཁ་བ་གངས་ཅན་ལྗོངས་ཀྱི་མཐའ་བཞི་བསྐོར། །མཛེས་པའི་ས་དེ་ང་ཡི་ཕ་ཡུལ་ཡིན། །ང་ཡི་ཕ་ཡུལ་ནི་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་འདབས་སུ་གནས་ཡོད་ཅིང་། དེ་ནི་ཤིན་ཏུ་མཛེས་ཤིང་ཡུལ་གྲུ་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡོད།

རླུང་འཚུབ་དང་གྲང་ངར་ཆེ་བའི་དགུན་ཁ་འདས་རྗེས་དཔྱིད་རླུང་དལ་གྱིས་ལྡང་བཞིན་དྲོད་འཇམ་དང་བདེ་ཞིང་སྐྱིད་པའི་སྣང་བ་ཞིག་སྟེར། རི་མགོའི་ཁ་བ་རིམ་གྱིས་བཞུར་བ་དང་རྩྭ་ལྗང་གི་མགོ་བོ་འབུས། དཔྱིད་ཀྱི་རྒྱལ་མོའི་གསུང་སྐད་རྣ་ལམ་དུ་ཡང་ཡང་གྲགས་འོང་།

བསླེབས་སོང་། མཛེས་ཤིང་མཚར་བའི་དབྱར་ཁ་བསླེབས་སོང་། ས་གཞི་དང་སྤང་ལྗོངས་སྔོ་ཐིང་ངེར་གྱུར་བ་དང་ག་ས་གང་དུ་མེ་ཏོག་སྣ་ཚོགས་ཁྲ་ཆིལ་ལེར་བཞད་ཅིང་བུང་བའི་ཚོགས་རྣམས་རྩི་བཅུད་ལེན་པར་བྲེལ། དེ་བས་ང་ནི་ཆར་པ་ལ་དགའ། དེ་ནི་སྤྲིན་གྱི་སྤྱན་ཆབ་ཡིན། ཆར་པས་སྐྱེ་དངོས་ཡོད་དོ་ཅོག་ལ་གསོན་ཤུགས་གསར་པ་ཞིག་སྦྱིན་པ་མ་ཟད། མཁའ་རླུང་དྭངས་ཤིང་གཙང་ལ་ཕྱོགས་བཞི་མཚམས་བརྒྱད་ནས་རྩི་ཤིང་གི་དྲི་ཞིམ་འཐུལ་འོང་།

སྟོན་ཁ་ཤར་བས་ཞིང་ནང་གི་གྲོ་ནས་སྙེ་མའི་མགོ་བོ་དུད་ཅིང་། ཨ་ཁུ་ཞིང་པའི་དཔྲལ་བ་ནས་རྔུལ་ཆུའི་མུ་ཏིག་གི་ཐིགས་པ་བར་མེད་དུ་ཟགས་ཀྱང་ཞལ་རས་ནས་འཛུམ་མདངས་འཕྱུར་བཞིན་འདུག་ལ། རི་ཀླུང་ཐམས་ཅད་ལ་གསེར་ཞུན་གྱི་ཁུ་བ་བྱུགས་པ་བཞིན་གསེར་ལམ་ལམ་བྱེད།

གྲང་ངར་ཆེ་བའི་དགུན་ཁ་བསླེབས་སོང་། གཙང་ཆུ་དང་རྒྱུག་ཆུ་འཁྱགས་པས་བསྡམས་ཤིང་ཁ་བ་བུ་ཡུག་འཚུབ་པས་གྲང་རེག་བཟོད་དཀའ་ཡང་བྱིས་པ་ཚོར་མཚོན་ན་ཆེས་དགའ་ཤོས་ཀྱི་ནམ་དུས་ཤིག་ཡིན། གང་ལགས་ཤེ་ན། ང་ཚོས་གངས་རྩེད་ཡིད་ཚིམ་པ་ཞིག་རྩེད་ཆོག་པས་ཡིན། ང་ཚོས་གངས་མི་བཟོ་བ་དང་གངས་རྡོག་བཞུ་རེས་བྱེད་ཅིང་ཁོ་ར་ཁོར་ཡུག་གང་སར་དགོད་སྒྲས་ཁེངས།

དེ་ནི་ང་ཡི་ཕ་ཡུལ་གྱི་དུས་བཞིའི་རྣམ་པ་ཡིན། ང་ནི་ནམ་ཡང་ཕ་ཡུལ་ལ་དགའ་ཞིང་དུངས།