དབྱར་ཟླ་ར་བར་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་ལྷོ་ཁར་སྔོ་ལྗང་གིས་བརྒྱན་ཞིང་། གོང་དཀར་རྫོང་ནས་ཟངས་རི་རྫོང་བར་གྱི་ཆ་སྙོམས་ཞེང་ཚད་ལ་སྤྱི་ལེ་1.8དང་རིང་ཚད་ལ་སྤྱི་ལེ་160ལྷག་ཙམ་ཟིན་པའི་སྔོ་ལྗང་གི་བར་ཁྱམས་རིང་མོ་ཞིག་གྲུབ་པས་ལྷོ་ཁ་གྲོང་ཁྱེར་གྱི་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།
སྔོན་ཆད་འདི་གར་བོད་དུ་བྱེ་རླུང་ལྡང་ཆེ་ཤོས་ཀྱི་གནས་ཤིག་ཡིན་པ་སུས་ཀྱང་བསམ་བློ་འཁོར་མི་སྲིད། “གང་སར་བྱེ་མས་ཁེངས་པ་དང་། བྱེ་རླུང་ལྡང་སར་མི་ཁྱིམ་ཡང་མཐོང་མི་ཐུབ་པ”ནི་སྐབས་དེ་དུས་ཀྱི་གནས་ཚུལ་ངོ་མ་དེ་རེད། ད་ཆ་རི་ལྡེབས་སྔོ་ཐིང་ཐིང་དང་ས་རྒོད་སྔོ་ལྗང་ཅན་དུ་གྱུར་ནས་ས་གཞི་ཆེན་པོར་སྐྱེ་ཁམས་ཐོན་ལས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།
སྐྱེ་ཁམས་བཅོས་སྐྱོང་བྱས་པས། འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་ཕྱིན་པ།
དུས་རབས་གོང་མའི་ལོ་རབས་80པ་ནས་བཟུང་། ལོ་40ལྷག་ཙམ་གྱི་རིང་། ལྷོ་ཁ་བས་སྔོ་འགྱུར་གྱི་ལས་ལ་རྒྱུན་ཆད་མེད་པར་གཞོལ་བ་དང་། ས་ཁུལ་གྲོང་ཁྱེར་ལ་བསྒྱུར་ནས་ལོ་10སོང་རིང་། སྔོ་འགྱུར་ལ་སླར་ཡང་འགྱུར་ལྡོག་གསར་པ་བྱུང་ཡོད།
ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་བའི་རྐྱེན་གྱིས་ལྷོ་ཁ་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་ལྷག་ཙམ་བཏང་ནས་གནམ་ཐང་ཉེ་འཁོར་དུ་ནགས་བཟོ་མུའུ་5500ལྷག་ཙམ་བྱས་པ་མ་ཟད། རི་སྟེང་དུ་གསོམ་ཤིང་དང་། ཚེར་སྡོང་། གླ་ཤིང་དང་། གཙང་འགྲམ་དུ་སྦྱར་པ་དང་རྒྱ་ལྕང་འབྲེལ་ནས་བཏབ་པས་ཕྱོགས་བསྡུས་སྐྱེ་ཁམས་ཀྱི་འགོག་སྲུང་ནགས་ཁུལ་ཞིག་ཆགས་ཡོད།
ཡར་ཀླུང་གཙང་པོའི་རྩེད་ཐང་ཟམ་ཆེན་འགྲམ་གྱི་དཔེ་སྟོན་ཞིང་ཁར་ཆུ་ཤིང་འོམ་བུ་དང་སྐྱི་བ་སོགས་ས་མཐོའི་དགུན་དུས་ཀྱི་གྲང་ངར་དང་ཆུ་དཀོན་ལ་ཉམས་སད་ཐེག་པའི་རང་སའི་རྩི་ཤིང་སྣ་ཁ་10ལྷག་ཙམ་བཏབ་པར་ཁྱོན་ཡོངས་ནས་གསོན་ཚད་90%ཟིན་ཡོད། “ང་ཚོས‘རྩྭ་སྔོན་ལ་འདེབས་པ་དང་། རྗེས་སུ་ནགས་བཟོ་བྱེད་པའི’བྱ་ཐབས་སྤྱད་དེ། སྔོན་ལ་རང་སའི་རྩི་ཤིང་གིས་ས་རྒྱུ་ཉམས་པ་གསོ་རུ་བཅུག་པ་དང་། དེ་ནས་སྡོང་ཕྲན་དང་ནགས་ཤིང་གི་མ་ལག་རིམ་པས་སླར་གསོ་བྱས་པས། གཡོག་བྱེད་ཀྱི་མ་གནས་དམའ་ལ་བྱེ་འཇགས་མགྱོགས་མྱུར་ཐུབ་ཀྱི་འདུག”ཅེས་ཀྲུང་གོ་ཚན་རིག་ཁང་ཝུའུ་ཧན་རྩི་ཤིང་གླིང་གི་མཆོག་རམས་པ་དང་ལྷོ་ཁ་གྲོང་ཁྱེར་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་སྐྱེ་ཁམས་སླར་གསོའི་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་གཞོན་པ་ཐེན་ཀྲུང་ཆུང་གིས་བཤད་པ་དང་། ཁོང་གིས། རྣམ་གྲངས་དེ་མུའུ་3000བར་རྒྱ་བསྐྱེད་ནས་ས་མཐོའི་སྐྱེ་ཁམས་སླར་གསོའི་མ་གནས་མཐོ་བའི་དཀའ་གནད་རིམ་པས་སེལ་ཐབས་བྱེད་བཞིན་ཡོད་ཅེས་བཤད།
རྩི་ཤིང་སྔོན་པོར་འགྱུར་བར་སྲུང་སྐྱོང་སྔར་བས་ཡག་པོ་དགོས་སྟབས། ལྷོ་ཁས་གཞུང་ཁོངས་ཀྱི་ནགས་ར་ཐོག་མ་དེ་བསྐྲུན་ནས་ནགས་བཟོ་ཁུལ་ཚང་མར་ཆེད་ལས་ལྟ་སྲུང་བ་2ཡན་བཀོད་སྒྲིག་བྱས་ཏེ“ལམ་ལུགས་ཀྱིས་ཐ་སྐྱོང་དང་། སྒྲིག་གཞིས་སྤྱི་འདོམས། ཆེད་མིས་དོ་དམ”བཅས་ཀྱི་ཕྱོགས་བསྡུས་ཅན་གྱི་མི་བཟོས་ནགས་ཚལ་ལྟ་སྲུང་མ་ལག་ཅིག་བཏོད་ཡོད།
ཡར་ཀླུང་གཙང་པོའི་བྱང་ངོགས་སུ་སྔོ་ལྗང་ནགས་ཚལ་ཟམ་མི་ཆད་པར་རྒྱ་ཆེར་ཕྱིན་ནས་བྱེ་ཐང་རྒྱུན་ཆད་མེད་པར་ཆུང་དུ་འགྲོ་བཞིན་ཡོད། ལོ་10ཡི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་བོད་དུ་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་དཔེ་སྟོན་ཁུལ་གཅིག་པུ་དེ་བསྐྲུན་པར་རིམ་རྩིས་བརྒྱབ་ན་བྱེ་འགྱུར་ས་ཆ་མུའུ་ཁྲི་47བཅོས་སྐྱོང་བྱས་པས། “བྱེ་རྒྱས་མི་བཤོལ”དེ“ནགས་རྒྱས་བྱེ་འཇགས”སུ་གྱུར་བའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། ད་ཆ་ཡར་ཀླུང་གཙང་པོའི་ངོགས་སུ་བྱེ་འབུར་རྒྱ་ཁྱོན་80%ཆུང་དུ་ཕྱིན་ལ།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) བྱེ་རླུང་ལྡང་བའི་ཉིན་གྲངས་ཀྱང་ལོ་རེར་ཆ་སྙོམས་ཉིན་60ལྷག་ཙམ་ནས་ཉིན་15ཡས་མས་བར་ཆག་ཡོད། སྐྱེ་ཁམས་སྲུང་བཅད་བརྟན་པོ་བསྐྲུན་པ་དེས་ཐོན་ལས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་རྨང་གཞི་བརྟན་པོ་འདིང་ཐུབ་ཡོད།
ཐོན་ལས་སྐྱེད་སྲིང་བྱས་པས། འཕེལ་རྒྱས་ཀྱི་ལམ་བུ་རྒྱ་ཆེར་སོང་བ།
སྔོ་ལྗང་འདེབས་པ་ནི་གོམ་སྟབས་དང་པོ་ཙམ་ཡིན། རི་སྔོན་ཆུ་དྭངས་གསེར་དངུལ་རིར་ཇི་ལྟར་འགྱུར་བར་བྱས་པའི་ཐད་ལ། ལྷོ་ཁས་སྐྱེ་ཁམས་འཛུགས་སྐྱོང་དང་ཐོན་ལས་སྐྱེད་སྲིང་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་པས། བཅོས་སྐྱོང་དང་ཉམས་གསོ་བྱས་རྗེས་ཀྱི་ས་ཆར་དཔལ་འབྱོར་གྱི་རིན་ཐང་ཆེན་པོ་ལྡན་ཡོད།
བོད་ལྗོངས་ཕག་གྲུ་ཆང་ཁང་ཚད་ཡོད་ཀུང་སིའི་འགན་འཁུར་བ་ལི་ཞའོ་ཕིང་གིས། “རྟེན་གཞིར་གྲངས་འཛིན་གྱི་ཞིང་ཆུ་གཏོང་བའི་མ་ལག་དང‘ས་དོང་གཏིང་རིང་དྲུས་ནས་སྡོང་ཕྲུག་གཏིང་རིང་པོ་མི་འཛུགས་པ’སོགས་ཀྱི་སྔོན་ཐོན་ལག་རྩལ་སྤྱད་དེ་ས་རྒྱུའི་ཁོར་ཡུག་ལེགས་སུ་བཏང་བར་རིམ་རྩིས་བརྒྱབ་ན་ཐང་རྒོད་དང་། ལ་རྒོད། ས་རྒོད་བཅས་མུའུ་8000ལྷག་ཙམ་སྒྱུར་བཀོད་བྱས་ཡོད”ཅེས་ངོ་སྤྲོད་བྱས།
གྲ་ནང་རྫོང་རྣམ་སྲས་གླིང་གྲོང་ཚོའི་ཀུ་ཤུའི་སྡོང་པོ་རེ་རེར་འབྲས་བུ་བཏགས་པ་དག་ལས་མི་ཚོས་བློ་རྩེ་གཅིག་སྒྲིམ་ངང་འཐོག་བཞིན་ཡོད། “དེ་ལྟར་མ་བྱས་ཚེ། ཤིང་འབྲས་ཡག་པོ་སྐྱེ་མི་ཐུབ”ཅེས་རྣམ་སྲས་གླིང་སྡོང་ཐུང་ཀུ་ཤུ་རྟེན་གཞིའི་ལག་རྩལ་སྤྱི་ཁྱབ་ལྟ་ཞིབ་པ་ལི་ཧྲི་དབྱིན་གྱིས་བཤད། 2023ལོར་ཐོན་འབབ་ཡག་པོ་བྱུང་བ་ནས་བཟུང་། རིམ་རྩིས་བརྒྱབ་ན་གྲ་ནང་རྫོང་གི་སྡོང་ཐུང་ཀུ་ཤུ་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་ཆིག་སྟོང་ལྷག་ཙམ་ཟིན་ཡོད།
མིག་སྔར་ལྷོ་ཁ་གྲོང་ཁྱེར་ཡོངས་ཀྱིས་སྡོང་ཐུང་ཀུ་ཤུ་མུའུ་ཁྲི་2.87བཏབ་པར་མུའུ་རེའི་ཐོན་འབབ་རྒྱ་མ་600ལྷག་ཙམ་ཟིན་ཏེ། སྐྱེ་ཁམས་བཅོས་སྐྱོང་དང་ཐོན་ལས་སྐྱེད་སྲིང་མཉམ་འདྲེས་གཏིང་ཟབ་བྱུང་བའི་དཔེ་མཚོན་དུ་གྱུར་ཡོད། ས་མཐོར་ཉི་འོད་ཕོག་ཡུན་རིང་བ་དང་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བའི་ལེགས་ཆར་གཞིགས་ཏེ། ལྷོ་ཁ་གྲོང་ཁྱེར་གྱིས་དེ་སྔའི་གྲམ་ཐང་དང་ཐང་རྒོད་ལ་དེང་རབས་ཀྱི་ཤིང་འབྲས་ལས་རིགས་འཕེལ་རྒྱས་བཏང་སྟེ། མུའུ་ཁྲི་ཟིན་པའི་སྡོང་ཐུང་ཀུ་ཤུ་དང་། མུའུ་ཁྲི་ཟིན་པའི་རྒུན་འབྲུམ། མུའུ་ཁྲི་ཟིན་པའི་སྟར་སྡོང་བཅས་ཁྱད་ལྡན་ཤིང་འབྲས་རྟེན་གཞི་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་ཞིང་། མིག་སྔའི་བར། ལྷོ་ཁར་དེང་རབས་ཀྱི་ཤིང་འབྲས་འདེབས་འཛུགས་ལས་རིགས་རྟེན་གཞི་མུའུ་ཁྲི་8.87ཟིན་གྱི་ཡོད།
མང་ཚོགས་ལ་ཕན་པ་བཏགས་པས། དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་མ་ཐེབས་པ།
གྲ་ནང་རྫོང་གྲ་ཕྱི་ཤང་རྣམ་སྲས་གླིང་གྲོང་ཚོའི་ཡུལ་མི་དཀོན་མཆོག་གཡུ་སྒྲོན་རང་ཁྱིམ་གྱི་སྒོ་རྩའི་སྡོང་ཐུང་ཀུ་ཤུའི་རྟེན་གཞིར་ལས་ཞུགས་ཐུབ་ཡོད། “སྔོན་མ་འདི་གར་བྱེ་ས་ཡིན་པས་གང་ཡང་སྐྱེ་ཡི་མེད། ད་ཆ་འདིར་ཀུ་ཤུ་བཏབ་པས་ང་རང་ལའང་ལས་ཀ་ཞིག་རག་བྱུང་། ལོ་ལྟར་ལས་ཀ་ཟླ་བ་དྲུག་ཙམ་བྱེད་དགོས་པ་དང་། ཉིན་གླ་སྒོར་190ཡོད”ཅེས་དཀོན་མཆོག་གཡུ་སྒྲོན་གྱིས་བཤད་པ་དང་། ཁོང་གིས། སྐྱེ་ཁམས་བཅོས་སྐྱོང་དང་དེང་རབས་ཚན་རྩལ་ལ་བརྟེན་པས་ས་རྒོད་ནས་ཀྱང་ཡོང་འབབ་ཡོང་གི་འདུག”ཅེས་བཤད།
སྡོང་ཐུང་ཀུ་ཤུའི་ཐོན་ལས་རྣམ་གྲངས་ལག་བསྟར་བྱས་ཚུན། གྲ་ནང་རྫོང་ཡོངས་ཀྱི་ཞིང་འབྲོག་པ་ཁོ་ནར་འབབ་འཕར་སྒོར་དུང་ཕྱུར་ལྷག་ཙམ་བྱུང་ཡོད། ན་ནིང་ལོ་མཇུག་ནས་ད་བར། ལྷོ་ཁ་གྲོང་ཁྱེར་ཡོངས་སུ་སྡོང་ཐུང་ཀུ་ཤུའི་ཐོན་ལས་གཉེར་བ་ལས་ཡུལ་དེའི་མང་ཚོགས་མི་ཐེངས་36638རང་ས་རང་ཡུལ་དང་སྟབས་བདེ་སར་ལས་ཀ་རག་པ་མ་ཟད། འབབ་འཕར་སྒོར་ཁྲི་ཆིག་སྟོང་ཙམ་ཡོང་བར་སྐུལ་ཁྲིད་ཀྱང་ཐུབ་ཡོད།
ཟངས་རི་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་འཇིགས་མེད་བསྟན་དར་གྱིས་གསར་འགོད་པར་བརྗོད་དོན། རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད། ཟངས་རི་རྫོང་གིས“ཀུང་སི་དང་། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”ལམ་སྲོལ་ལ་བརྟེན་ནས་འབབ་འཕར་སྒོར་ཁྲི་8165བྱུང་ཡོད། དེའི་ནང་ཡུལ་དེ་གའི་མང་ཚོགས་མི་ཐེངས་ཁྲི་12.6རང་ས་རང་ཡུལ་དང་སྟབས་བདེ་སར་ལས་ཀ་རག་པ་མ་ཟད། མི་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་7000བྱུང་ཡོད། ས་ཞིང་བརྒྱུད་བཤུག་བཏང་བ་ལས་གྲོང་ཚོའི་མཉམ་སྡེབ་ལ་འབབ་འཕར་སྒོར་ཁྲི་1285བྱུང་བ་དང་འཕྲུལ་ཆས་བོགས་མར་བཏང་བར་ཡོང་འབབ་སྒོར་ཁྲི་950ཙམ་བྱུང་ཡོད།
ཐང་རྒོད་དུ་ཀུ་ཤུ་དང་རྒུན་འབྲུམ་སྐྱེ་བ་དང་མང་ཚོགས་དེ་བས་མང་བ་རང་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་ནས་འབབ་འཕར་བྱུང་བ་ལ་སོགས་ས་མཐོའི་ལྗང་མདོག་འཕེལ་རྒྱས་ནི་ལྐོག་གྱུར་ཙམ་ཞིག་མིན་པར། སྐྱེ་ཁམས་ལས་བྱུང་བའི་ཁེ་སྤོགས་དེ་དངོས་དངོས་རྗེན་རྗེན་གྱི་འཕེལ་རྒྱས་ཀྱི་སྒུལ་ནུས་དང་དམངས་འཚོའི་བདེ་རྩར་འགྱུར་བཞིན་ཡོད།
(《དཔལ་འབྱོར་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས) (པ་སངས་ཚེ་རིང་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)