དཔྱིད་ཟླ་ཐ་ཆུང་ཤར་བའི་སྐབས། ས་བབ་མཐོ་ཚད་སྨི་4000ཟིན་པའི་མལ་གྲོ་གུང་དཀར་གྱི་འབྲོག་སའི་རྩྭ་ཁ་རིམ་བཞིན་སྔོ་ལྗང་དུ་གྱུར་ཡོད་ནའང་། རྨམ་པ་ཤང་རྡར་འབྲུག་གྲོང་ཚོའི་ཡུལ་མི་སྐལ་བཟང་ཟླ་བའི་ངོས་ནས་བརྗོད་ཚེ། སྤང་རྩྭ་སྔོན་པོར་གྱུར་པ་ལས་ཀྱང་དགའ་ཚོར་ཆེ་བ་ནི་རང་ཉིད་ཀྱི་ལག་ཐོགས་ཁ་པར་དུ་འབྲིའི་ཁ་གསབ་དངུལ་སྒོར་7200སླེབས་པའི་དངུལ་ཁང་གི་ཆ་འཕྲིན་འབྱོར་བ་དེ་ཡིན་པ་རེད།
“རང་ཁྱིམ་གྱི་འབྲི་24ལ་ཁ་གསབ་དངུལ་སྒོར་7200རག་པ་ཚང་མ་ཆད་ལུས་མེད་པར་གཱ་ནང་བླུགས་འདུག དངུལ་དེ་དག་གིས་གཅིག་ནས་གཟན་ཆག་ཉོ་ཐུབ་པ་མ་ཟད། གཉིས་ནས་རིམས་འགོག་སྨན་ཡང་ཉོ་ཐུབ་པར་བརྟེན། ཏང་གི་སྲིད་ཇུས་བཟང་པོའི་དྲིན་ལས་ང་ཚོ་ཕྱུགས་གསོ་བའི་གདེང་ཚོད་ཀྱང་དེ་བས་ཆེ་རུ་ཕྱིན་སོང”ཞེས་སྐལ་བཟང་ཟླ་བས་རང་ཁྱིམ་གྱི་སྒོ་རར་སྐྱིལ་ཀྲུང་དུ་བསྡད་དེ་གསར་འགོད་པར་ཞིབ་རྩིས་རྒྱག་བཞིན་དུ་བཤད།
སྐལ་བཟང་ཟླ་བའི་སྐོར་གྱི་གཏམ་རྒྱུད་ནི་མལ་གྲོ་གུང་དཀར་རྫོང་གི་2025ལོའི་ལོ་འཁོར་གྱི་འབྲི་དང་མ་མོའི་ཁ་གསབ་དངུལ་སྤྲོད་པའི་ལས་དོན་ལག་ལེན་བསྟར་བའི་བསྡུས་རིས་ཙམ་ཞིག་རེད། ཟླ་བ་བཞི་པའི་ཟླ་སྨད་དུ་མཐའ་མའི་ཁ་གསབ་དངུལ་དེ་དམངས་ཕན་ཞིང་ཕན་གྱི“གཱ་གཅིག་ཀུན་འཐུས”ཀྱི་མ་ལག་བརྒྱུད་ཞིང་འབྲོག་པའི་གཱ་ནང་བླུགས་ཤིང་། རིམ་རྩིས་བརྒྱབ་ན་རྫོང་ཡོངས་ཀྱི་ཞིང་འབྲོག་དུད་ཚང་2894ལ་ཁ་གསབ་དངུལ་སྒོར་ཁྲི་265.44རག་པ་དག་གནད་སྨིན་སྒོ་ནས་ཞིབ་བཤེར་གཏན་འཁེལ་བྱས་པའི་འབྲི་དང་མ་མོ་མགོ་གྲངས་8848ལ་ཁྱབ་ཡོད།
སྲིད་ཇུས་བཟང་པོ་མང་ཚོགས་ཁྲོད་དོན་འཁྱོལ་ཇི་ལྟར་བྱེད་དགོས་སམ་ཞེ་ན། དེ་ཡང་ལས་དོན་སྒྲུབ་སྐབས་“ནན་པོ”དང“ཏན་ཏིག”གཉིས་དང་ཁ་འབྲལ་ཐབས་མེད་པ་རེད།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) དེ་ནི་དུད་ཚང་སོ་སོའི་ལྷས་རར་ཞིབ་དཔྱད་བྱེད་པ་ནས“མལ་གྲོའི་ཞིང་པའི་ཉམས་འགྱུར”ཞེས་པའི་སྐད་འཕྲིན་སྤྱི་རྟགས་ཐོག་ཐོག་མའི་ཞིབ་དཔྱད་བྱས་འབྲས་ཡོངས་བསྒྲགས་བྱེད་པའི་བར་དང་། ཚད་གཞི་མ་ལོན་པའི་ཕྱུགས་རིགས་ལ་བསྐྱར་ཞིབ་ནན་པོ་བྱེད་པ་ནས་འབྲི་རེར་སྒོར་300མི་འཕྱུགས་པར་སྤྲོད་རྒྱུ་ཞིབ་རྩིས་རྒྱག་པའི་ཁ་གསབ་ཚད་གཞི་ལག་ལེན་བསྟར་བའི་བར་སོགས་ཀྱི་ལྷུ་ཚིགས་ཚང་མ་ཡོངས་བསྒྲགས་ཁ་གསལ་བྱས་པ་དེ་རེད། “ཡོངས་བསྒྲགས་ཉིན་7བྱེད་རིང་། གྲོང་ཚོའི་དུད་ཚང་སོ་སོར་འབྲི་དང་མ་མོ་ག་ཚོད་ཡོད་པ་དང་དེ་དག་ལ་དངུལ་ག་ཚོད་ལེན་རྒྱུ་ཡོད་པ་གསལ་གསལ་ཐིང་ཐིང་མཐོང་ཐུབ”ཅེས་རི་མདོ་སྒང་གྲོང་ཚོའི་ཡུལ་མི་ཟླ་བས་བཤད་ཅིང་། ཁོང་ཁྱིམ་གྱི་འབྲི་30ལ་ཁ་གསབ་སྒོར་9000རག་པ་དག་བེད་སྤྱོད་ཇི་ལྟར་གཏོང་རྒྱུ་ཡིན་ཚུལ་བཀོད་སྒྲིག་གསལ་པོ་བྱས་ཡོད་པ་སྟེ། དངུལ་ཁག་གཅིག་གཟན་ཆག་ཉོ་བར་གཏོང་རྒྱུ་དང་། ཁག་གཅིག་ལྷས་ར་ཉམས་བཟོར་གཏོང་རྒྱུ་ཡིན། “ཁ་གསབ་དངུལ་ལག་འབྱོར་བྱུང་བས་སེམས་པ་ལྷོད་ལ་བབས་སོང་། རྗེས་མར་ནོར་ལུག་ཤ་ཤེད་ཇི་ལྟར་རྒྱས་པར་གཞོལ་གྱི་ཡིན”ཞེས་བཤད།
ཁ་གསབ་དངུལ་སྤྲོད་རིང་། མལ་གྲོ་གུང་དཀར་རྫོང་གིས“གཱ་གཅིག་ཀུན་འཐུས”ཀྱི་ཐད་ཀར་སྤྲོད་ཐབས་ལག་ལེན་བསྟར་བ་དང་། ཁ་གསབ་དངུལ་དག་རྫོང་ནོར་སྲིད་ནས་ཞིང་འབྲོག་དུད་ཚང་གི་དངུལ་ཁང་གཱ་ནང་ཐད་ཀར་བརྒྱབ་སྟེ། བར་དུ་ཉར་བ་དང་། གཞན་སྤྱོད། འགྱངས་ཆད་བཅས་གཏན་ནས་མི་ཡོང་བར་བྱས་ཤིང་། “སྔོན་ཆད་དངུལ་ལག་པར་མ་འབྱོར་གོང་འཕྲི་འཐེན་བྱས་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་འོང་གི་ཡོད། ད་ཆ་ཐད་ཀར་གཱ་ནང་བླུགས་པ་མ་ཟད། ལག་ཐོགས་ཁ་པར་ནས་ཀྱང་ལྟ་ཐུབ་ཀྱི་ཡོད”ཅེས་སྐལ་བཟང་ཟླ་བས་མྱོང་ཚོར་ཟབ་མོས་བཤད་པ་དང་། ཁོང་གིས“ད་ལྟ་ང་ཚོས་ནོར་ལུག་གསོ་རྒྱུ་མ་གཏོགས་དེ་བྱིངས་ཀྱི་ལས་ཀ་ཚང་མ་སྲིད་གཞུང་གིས་བཀོད་སྒྲིག་ཡག་པོ་བྱས་ཡོད”ཅེས་བཤད།
ཡངས་ཤིང་རྒྱ་ཆེ་བའི་རྩ་ཐང་དུ་ཞིང་ཕན་སྲིད་ཇུས་དྲོད་རླུང་ཞིག་དང་འདྲ་བར་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་ཡོད། མལ་གྲོ་གུང་དཀར་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རིག་ལག་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ཞིང་དར་དམངས་ཕན་སྲིད་ཇུས་ཁག་མུ་མཐུད་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཁ་གསབ་སྤྲོད་པའི་ལས་རིམ་རྒྱུན་ཆད་མེད་པར་ཚད་ལྡན་དུ་གཏོང་བ། བྱ་ཐབས་དངོས་ལ་བརྟེན་ནས་འབྲོག་ལས་ལ་སྤུས་འབྲས་ལེགས་གཉེར་ཡོང་བར་རྒྱབ་སྐྱོར་བཅས་བྱས་ཏེ། གསོ་ཚགས་ཐོན་ལས་ལ་བརྟེན་ནས་ཞིང་འབྲོག་པར་འབབ་འཕར་བརྟན་པོ་དང་ཕྱུག་འགྱུར་ལམ་དུ་སྐྱོད་པར་སེམས་ཁྲལ་མེད་པ་བྱ་རྒྱུ་ཡིན་ཞེས་བཤད།
འབྲི་རེའི་ཁ་གསབ་དངུལ་སྤྲོད་པ་དང་། འབྲོག་དུད་རེར་ཐོན་ལས་རེ་ཡོད་པའི་བར་གྱི་སྲིད་ཇུས་ཀྱིས་འབྲིའི་རྩིས་ཐོ་ཁ་གསལ་གཏིང་གསལ་བཟོ་བར་བརྟེན་ནས་གངས་ལྗོངས་ས་མཐོའི་ལས་བརྩོན་ཕྱུག་འགྱུར་གྱི་ཕུགས་འདུན་ལ་གཞོལ་མཁན་ཚང་མར་དྲོ་སྐྱིད་སྦྱིན་དང་སྦྱིན་བཞིན་ཡོད།
(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)