《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月16日

“བདེ་སྐྱིད་བོད་ལྗོངས། རིག་གནས་དམངས་ཕན”གྱི་འཛད་སྤྱོད་སྐུལ་སྤེལ་ཆེད་དོན་བྱེད་སྒོ་སྤེལ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཚེས་13ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཤིན་ཧྭ་དཔེ་ཚོང་ཁང་དུ“བདེ་སྐྱིད་བོད་ལྗོངས། རིག་གནས་དམངས་ཕན”གྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱེད་སྒོའི་མཛད་སྒོ་འཚོགས་ཤིང་། ད་ཐེངས་ཀྱི་བྱེད་སྒོ་དེ་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ནོར་སྲིད་ཐིང་། ཚོང་དོན་ཐིང་། རིག་གནས་ཡུལ་སྐོར་ཐིང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། “དམངས་ཡོངས་ཀྱི་དཔེ་ཀློག་ཁྱབ་གདལ་གཏོང་བ་དང་རིག་གནས་འཛད་སྤྱོད་སྐུལ་སློང”གཙོ་རྐང་དུ་བྱས་ཏེ“དཔེ་དེབ་དང་འཛད་སྤྱོད་ཟུང་འབྲེལ”གྱི་མཉམ་འདྲེས་བྱེད་སྟངས་གསར་གཏོད་བྱས་ནས་དམངས་ཕན་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དེ་ཕུལ་བྱུང་གི་མི་རིགས་རིག་གནས་རྒྱུན་འཛིན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དང་ཟུང་འབྲེལ་བྱས་ཏེ། རིག་གནས་ཁྲོམ་རའི་གསོན་ཤུགས་རྒྱུན་མཐུད་འཕེལ་བ་དང་གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་ལྗོངས་ཡོངས་ཀྱིས་ཆེད་དོན་མ་དངུལ་སྒོར་ཁྲི་2600གཅིག་འདོམས་བྱས་པ་དང་། རིག་གནས་འཛད་སྤྱོད་ལ་ཁ་གསབ་སྤྲད་པ། དྲ་ཐོག་དང་དྲ་ཕྱིའི་གཉེར་སྐྱོང་བྱེད་པོས་གཟིགས་སྐྱོང་སྲིད་ཇུས་དུས་གཅིག་ཏུ་དོན་འཁྱོལ་བྱས་པ། ཁ་གསབ་སྤྲོད་ཚད་མཐོ་ཤོས་20%ཟིན་གྱི་ཡོད་པ་དང་དེ་དག་དཔེ་དེབ་དང་། ཡིག་ཆས། རིག་གནས་བསམ་བཀོད་ཐོན་རྫས་དང་དེ་བཞིན་ལེ་ལག་ཚང་བའི་བཟའ་བཏུང་སོགས་ལ་ཁྱབ་ཡོད་པ་རེད། བྱེད་སྒོའི་སྲིད་ཇུས་དང་ཐོན་ཁུངས་ཀྱི་གཙོ་གནད་དེ་ཞིང་འབྲོག་ཁུལ་དང་། མཐའ་མཚམས་ཤང་དང་གྲོང་རྡལ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཚོགས་སྤྱི་བཅས་ལ་ཕྱོགས་པ་དང་ཆབས་ཅིག་དཔེ་དེབ་གཤམ་སྐྱེལ་དང་དཔེ་དེབ་དུད་ཚང་དུ་སྐྱེལ་བ་སོགས་ཀྱི་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།