《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月16日

རང་ལྗོངས་ཀྱི་ཐོ་བཀོད་ཁེ་ལས་ཀྱི་ཡིད་རྟོན་བསྡུ་བའི་སྒྲིག་གཞི་ཐོག་མའི་སྒོ་བྱང་བཀལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་ལྗོངས་མཉམ་འབྲེལ་ཡིད་རྟོན་ཉམས་ཞིབ་ཚད་ཡོད་འགན་འཁྲི་ཀུང་སིའི་སྒོ་བྱང་ལྷ་སར་དངོས་སུ་བཀལ་བ་རེད། ཀུང་སི་དེ་ནི་རང་ལྗོངས་ཀྱི་ཐོ་བཀོད་ཁེ་ལས་ཀྱི་ཡིད་རྟོན་བསྡུ་བའི་སྒྲིག་གཞི་གཅིག་པུ་དེ་ཡིན་ཞིང་། ཀུང་སི་དེ་བཙུགས་པས་ལྗོངས་ཡོངས་ཀྱི་ཡིད་རྟོན་ཉམས་ཞིབ་ཞབས་ཞུའི་སྟོང་ཆ་བསྐངས་ཤིང་དེ་ལས་རང་ལྗོངས་ཀྱི་ས་གནས་ཀྱི་ཡིད་རྟོན་ཉམས་ཞིབ་ལས་རིགས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་གྱི་ཡོད།

གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ལོ་གསུམ་གོང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། བོད་ལྗོངས་མཉམ་འབྲེལ་ཡིད་རྟོན་ཉམས་ཞིབ་ཚད་ཡོད་འགན་འཁྲི་ཀུང་སི་སྟེ་སྔོན་མིང་ལ་ཀའོ་ཁྲེ་ཡིད་རྟོན་ཉམས་ཞིབ་ཚད་ཡོད་ཀུང་སི་ཞེས་ཟེར་བ་དེས་ལྗོངས་ཡོངས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཡིད་རྟོན་དང་ཡིད་རྟོན་ཞབས་ཞུའི་མ་ལག་སྐྲུན་པའི་ལས་འགན་ལྕི་པོ་ཁུར་ནས་ལྗོངས་ཡོངས་ལ་ཁྱབ་པའི་ཡིད་རྟོན་ཉམས་ཞིབ་ཀྱི་དྲ་རྒྱ་རིམ་བཞིན་བཙུགས་ཏེ། ཞིང་ཆེན་རིམ་པས་གསར་སྤེལ་དང་རིམ་གསུམ་གྱིས་ཉེར་སྤྱོད་བྱེད་པའི་གྲངས་རིག་ཅན་གྱི་ལས་སྟེགས་བསྐྲུན་པས། རྒྱལ་ཡོངས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཡིད་རྟོན་ཞབས་ཞུའི་ལས་སྟེགས་དྲ་རྒྱའི་བོད་ཀྱི་ཞིང་ཆེན་རིམ་པའི་ལས་སྟེགས་ཐོག་མར་གྱུར་ཡོད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ལས་སྟེགས་དེ་དྲ་ཐོག་ཏུ་བཏོན་པ་ནས་བཟུང་། ཁེ་ལས་དང་འབྲེལ་བ་ཡོད་པའི་ཡིད་རྟོན་གྲངས་གཞི་རིགས་73བསྡུ་རུབ་བྱས་པ་དང་། རིམ་རྩིས་བརྒྱབ་ན། ཆ་འཕྲིན་དུང་ཕྱུར་3ལྷག་ཙམ་བསྡུ་རུབ་བྱས་ཡོད་ཅིང་། ཐོ་བཀོད་ཁས་ལེན་གྱི་ཁེ་ལས་ཁྲི་6.6ལྷག་ཙམ་ཟིན་ཡོད། དངུལ་རྩའི་སྒྲིག་གཞི་68དང་ལས་ཚིགས་668ཞུགས་ནས་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་600ཙམ་སྤྲོད་རྒྱུར་སྐུལ་མ་བཏང་བ་དང་། ཁེ་ལས་འབྲིང་ཆུང་དང་། ཕྲན་ཚེགས་ཁེ་ལས། མཉམ་ལས་ཁང་བཅས་4000ལྷག་ཙམ་ལ་དངུལ་བུན་ཐོག་མའམ་ཡང་ན་མུ་མཐུད་དངུལ་བུན་རག་པར་རོགས་རམ་བྱས་ཡོད།

སྒོ་བྱང་འགེལ་བའི་མཛད་སྒོའི་ཐོག་ཀུན་ཕན་དང་། ལྗང་མདོག ཞིང་ལས། སྲིད་དོན། མཁོ་སྤྲོད་འཁོར་འབྲེལ་བཅས་ལྟེ་བའི་ཡིད་རྟོན་ཉམས་ཞིབ་ཐོན་རྫས་ཆེན་པོ་ལྔ་དུས་གཅིག་ལ་ཁྱབ་བསྒྲགས་བྱས་ཡོད། བྱེད་སྒོ་སྤེལ་ཡུལ་དུ་བོད་ལྗོངས་མཉམ་འབྲེལ་ཡིད་རྟོན་ཉམས་ཞིབ་ཚད་ཡོད་འགན་འཁྲི་ཀུང་སིས་ད་དུང་འགྲིམ་འགྲུལ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་ཀྲུང་གོ་དམངས་འཚོ་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་སོགས་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་རེད།

(ཚེ་ལྷས་བསྒྱུར། ཚེ་ལྷ་དང་བསྟན་འཛིན་གྱིས་ཞུས)