《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月16日

དམར་མདངས་ཆབ་མདོའི་དར་རྒྱས་ཡར་བརྩོན་གྱི་གོམ་སྟབས་བརྟན་ཞིང་བརླིང་བ།

གཙང་གསུམ་ཆུ་བོ་ལང་ལོང་རྒྱུག གསོན་ཤུགས་གསར་པ་ཀུན་ནས་རྒྱས།

ལོ་ངོ་75ཡི་གོང་བོད་ཞི་བས་བཅིངས་འགྲོལ་བཏང་བ་རེད། སྐྱ་རེངས་ཐོག་མར་ཤར་བའི་ས་མཐོའི་ཡུལ་གྲུ་སྟེ་ཆབ་མདོ་དེ་ཉིད་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་ལས་ཐར་ཏེ་མཐུན་སྒྲིལ་དང་། ཡར་ཐོན། འཕེལ་རྒྱས་བཅས་ཀྱི་འོད་སྟོང་འཕྲོ་བའི་ལམ་ཆེན་དུ་བསྐྱོད་པ་རེད།

ལོ་ངོ་75སོང་རྗེས་འབྲི་ཆུའི་འགྲམ་ངོགས་དང་སྤང་མདའ་རྩྭ་ཐང་དུ་བསྐྱོད་པ་ན་འཁྲུག་ཆ་རབ་ཏུ་དོད་པའི་ཉམས་སྣང་ཞིག་ཚོར་བ་སྟེ། ཕུག་ལམ་དུ་འཕྲུལ་འཁོར་གྱི་སྒྲ་ལྷང་ལྷང་དུ་གྲགས་པ་དང་། ནུས་རྒྱུ་གཙང་མའི་རྟེན་གཞིར་རླུང་འཁོར་འཁོར་བ། ཁྲོམ་གཞུང་ཆེ་གྲས་ཁག་ཏུ་མི་ཚོགས་ཀྱིས་ཁེངས་པ་སོགས་རེད།

ད་ལོའི་དུས་ཚིགས་དང་པོར། ཆབ་མདོ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་84.62ཟིན་པ་དེ་དུས་མཚུངས་ལས་6.1%འཕར་བ་དང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར་75.24ལེགས་གྲུབ་ཟིན་ནས་བསྡོམས་འབོར་ལྗོངས་ཡོངས་ཀྱི་ཨང་གཉིས་པར་སླེབས་པ་དང་དུས་མཚུངས་ལས་11.2%འཕར་ཡོད་པ་རེད། མངོན་གསལ་དོད་པའི་གྲངས་གཞི་རེ་རེ་ནི་ཆབ་མདོ་གྲོང་ཁྱེར་གྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རབས་ཀྱི་ལེའུ་གསར་ཧུར་ཐག་བརྩམས་པའི་གྲུབ་འབྲས་ཤ་སྟག་རེད།

ལས་ཡུལ་དུ་བྲེལ་བརྩོན་རབ་ཏུ་ཆེ།

ཟླ་5ཚེས་9ཉིན། ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དུ་གནས་པའི་བོད་ཤར་ལྷོའི་རྒྱལ་ཁབ་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ནས་སླར་ཡང་རྒྱལ་ཁའི་གཏམ་བཟང་གྲགས་པ་སྟེ། ཀྲུང་གོ་འཛུགས་སྐྲུན་ཅུས་ལྔ་པས་སྐྲུན་འགན་འཁུར་བའི་ཏཱ་ཐང་བོད་ལྗོངས་ཆབ་མདོ་གཉེར་སྐྱོང་སྲུང་སྐྱོང་ལྟེ་གནས་རྣམ་གྲངས་འཛུགས་སྐྲུན་དོ་དམ་ལྟེ་གནས་དང་། གྲངས་གཞི་ལྟེ་གནས། ལས་གསེང་ངལ་གསོའི་ཐོག་ཁང་བཅས་ཀྱི་ལྟེ་བའི་བཟོ་བཀོད་ཀྱི་གྲུབ་ཆ་གཙོ་བོ་ཚང་མ་བདེ་བླག་ངང་ལས་མཇུག་འགྲིལ་ནས་ས་མཐོའི་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་གསར་པའི་མཚོན་རྟགས་རང་བཞིན་གྱི་འདུ་འགོད་དེ་ཕྱོགས་ཡོངས་ནས་མྱུར་ཚད་མགྱོགས་སུ་གཏོང་བའི་དུས་མཚམས་སུ་སླེབས་ཡོད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་ཀྱི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་2.84ཟིན་པ་དང་མ་དངུལ་བསྡོམས་སྒོར་དུང་ཕྱུར་2.37བཏང་ཞིང་། དེ་ནི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་། འཁོར་སྐྱོད་བཀོད་གཏོང་། ཐོན་ལས་ཞབས་ཞུ་བཅས་གཅིག་འདུས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་ལྡན་ནུས་རྒྱུའི་རྟེན་གཞི་ཞིག་རེད། རྣམ་གྲངས་བསྐྲུན་རྗེས་ཆབ་མདོ་དང་དེ་བཞིན་མཐའ་འཁོར་གྱི་ནུས་རྒྱུ་གཙང་མའི་གློག་ཁང་གི་དུས་ཐོག་བཀོད་གཏོང་དང་། གྲངས་གཞིར་དབྱེ་ཞིབ། ཚན་ཞིབ་གསར་གཏོད། འཁོར་སྐྱོད་འགན་ལེན་སོགས་ཀྱི་འགན་ནུས་གལ་ཆེན་ཁུར་ནས་ས་ཁོངས་ཀྱི་ནུས་རྒྱུ་གཙང་མའི་རྣམ་གྲངས་ཀྱི་ཞབས་ཞུ་འགན་སྲུང་གི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་ངེས་རེད།

འགོ་འཛུགས་ལོར་གང་ས་ཅི་ཐད་ནས་ཉམས་དགའ་བའི་འཕེལ་ཕྱོགས་མངོན་ཞིང་། ད་ལོ་ཆབ་མདོ་གྲོང་ཁྱེར་གྱིས་ལོ་ཧྲིལ་པོར་གཞི་རྩའི་འཛུགས་སྐྲུན་གྱི་རྣམ་གྲངས་341ལག་བསྟར་བྱེད་རྩིས་ཡོད་པ་དང་དུས་ཚིགས་དང་པོར་རྣམ་གྲངས་176ལས་འགོ་འཛུགས་པའམ་ལས་འགོ་བསྐྱར་འཛུགས་བྱེད་རྩིས་ཡོད་པའི་ནང་ཟླ་3པའི་ཟླ་མཇུག་བར་ལས་འགོ་འཛུགས་པའམ་ལས་འགོ་བསྐྱར་འཛུགས་བྱེད་ཚད་81.8%ཟིན་ཡོད་པ་རེད།

ཐོན་ལས་དར་ནས་ཡོང་འབབ་མང་དུ་སོང་བ།

གོ་འཇོ་རྫོང་ངག་དབང་ཤང་དུ་གསོ་ཚགས་དུད་ཚང་དཔལ་ལྡན་གྱི་ལུག་ཚང་ནང་ངག་དབང་ལུག་600ལྷག་ཙམ་གྱིས་འཚང་ཁ་ཤིག་ཤིག་ངང་འབའ་སྒྲ་སྒྲོག་ཅིང་། རིལ་མ་དང་གཟན་རྩྭའི་དྲི་མ་གང་སར་འཐུལ།

“སྲིད་གཞུང་གིས་ང་ཚོར་དེང་རབས་ཅན་གྱི་གསོ་སྤེལ་ལག་རྩལ་བསླབས་པས། གྲོང་ཚོའི་མི་མང་པོས་འདི་ལ་བརྟེན་ནས་འཚོ་བ་ཡག་པོ་སྐྱེལ་གྱི་ཡོད”ཅེས་དཔལ་ལྡན་གྱིས་ལུག་ལ་གཟན་རྩྭ་སྟེར་རྗེས་ལག་ངོས་ཀྱི་ཐལ་རྡུལ་སྤྲུག་བཞིན་བཤད།

རི་བོ་ཆེ་རྫོང་ལྟག་སྒོ་གྲོང་ཚོའི་ཉི་འོད་མཉམ་ལས་ཁང་དུ་སྐྱོད་སྐབས། མཉམ་ལས་ཁང་གི་སྤྱི་ཁྱབ་ཅིང་ལི་སྐལ་བཟང་ཕུར་བུ་ཡིས་དགའ་སྤྲོའི་ངང་གསར་འགོད་པར“མིག་སྔའི་བར་ང་ཚོའི་དཀར་ཆུའི་ཐོན་རྫས་ལས་སྣོན་བཟོ་གྲྭས་རྒྱ་མ་རེར་སྒོར་10བྱས་ནས་རིམ་རྩིས་བརྒྱབ་ན་མང་ཚོགས་ཀྱི་ས་ནས་སྒོར་ཁྲི་250རི་བའི་འོ་མ་ཉོ་སྒྲུབ་བྱས་ཡོད”ཅེས་ངོ་སྤྲོད་བྱས།

མཉམ་ལས་ཁང་དེའི་ཁོངས་གཏོགས་ཀྱི་དཀར་ཆུའི་ཐོན་རྫས་ལས་སྣོན་བཟོ་གྲྭས་མིག་སྔར་སློབ་ཆེན་སློབ་མ་24ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་མ་ཟད། ད་དུང་སྒོར་ཁྲི་700ལྷག་ཙམ་བཏང་ནས་འོ་མ་བསྡུ་བའི་ས་ཚིགས་4ཡང་བསྐྲུན་པས་མང་ཚོགས་ཀྱི“འོ་མ་འཚོང་དཀའ་བའི”གནད་དོན་ཞི་ལྷོད་དུ་ཤུགས་ཆེན་སོང་ཡོད།

ད་ལོའི་དུས་ཚིགས་དང་པོར། ཆབ་མདོ་གྲོང་ཁྱེར་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་12587ཟིན་ནས་5.8%འཕར་བ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་1467ཟིན་ནས་7.8%འཕར་ཡོད།

སྙན་འཇེབས་རོལ་མོ་གྲགས་ནས་བདེ་སྡོད་ལས་བརྩོན་བྱུང་བ།

ས་སྲོད་མཚམས་སུ། འཇོ་མདའ་རྫོང་མཁར་སྒང་ཤང་གི་རིག་གནས་བྱེད་སྒོ་ཁང་ནས་ཡིད་ཀྱི་བརྟན་པ་འཕྲོག་པའི་རོལ་དབྱངས་ལྷང་ལྷང་དུ་གྲགས་ཤིང་། ཉི་མ་ལྷ་མོས་ཁྱིམ་མཚེས་ཀྱི་བུ་མོ་ཁྲིད་ནས་སྐོར་བ་ཞིག་བརྒྱབ་པ་དང་ཅུང་ཟད་ཐང་ཆད་པའི་སྣང་བ་བྱུང་ནའང་གདོང་ནས་སྐྱིད་པའི་འཛུམ་མདངས་མངོན།

“དེ་སྔོན་དགའ་སྐྱིད་ཀྱི་འདུ་འཛོམས་གང་ཡང་མེད། ད་ཆ་གྲོང་ཚོའི་ནང་རྟག་ཏུ་བྱེད་སྒོ་སྤེལ་ནས་པི་ཝང་དཀྲོལ་བ་དང་གླུ་གཞས་གཏོང་བ་སོགས་འཁྲུག་ཆ་ཧ་ཅང་དོད་པོ་ཡོད”ཅེས་ཉི་མ་ལྷ་མོ་ཡིས་བརྗོད།

དུས་ཚིགས་དང་པོར་ཆབ་མདོའི་ས་ཆར་འཁྲུག་ཆ་དོད་པའི་འདུ་ཚོགས་དེ་ལྟ་བུ་ཁག་1590ལྷག་ཙམ་འཚོགས་ཤིང་། ལུས་རྩལ་འགྲན་བསྡུར་ཁག་18སྤེལ་བར་ནང་མི་4090ཞུགས་ཡོད་པ་རེད།

ད་ལོ་ཆབ་མདོ་གྲོང་ཁྱེར་གྱིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་སྐབས་གཉིས་པ་གཉེར་ཞིང་། རིམ་རྩིས་བརྒྱབ་ན་གླུ་གར་ཁག་4དང་དེ་བཞིན་སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་ཁག་8ཀྱི་འགྲན་བསྡུར་ཐེངས་4253གཉེར་བ་དང་དེའི་ནང་ཞུགས་མཁན་མང་ཚོགས་མི་ཐེངས་ཁྲི་39.2ཟིན་ཡོད། རྐོ་འདྲུའི་འཕྲུལ་འཁོར་བཀོལ་སྤྱོད་ནས་བོད་ཟས་གཡོས་སྦྱོར་དང་། ལག་ཐོགས་ཁ་པར་གྱི་བརྙན་ལེན་ནས་སྲོལ་རྒྱུན་གྱི་གླུ་གར་བར་གྱི་འགྲན་བསྡུར་རེ་རེ་ལས་ཞིང་འབྲོག་པའི་རྩལ་ནུས་ཆེ་རུ་དང་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་བཏང་བ་མངོན་པ་རེད།

ད་ལོའི་དུས་ཚིགས་དང་པོར། ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲོག་པ་ཁྲི་3.76ལས་ཞུགས་གཞན་སྒྱུར་བྱས་ནས་ངལ་ལས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་3.13རག་པ་དང་། སྒྲིག་འཛུགས་ཅན་གྱི་གཞན་སྒྱུར་གྱི་བསྡུར་ཚད་བཅུ་ཆ་དྲུག་ལས་བརྒལ་བ། ནོར་སྲིད་མ་དངུལ་གྱིས་ལས་རྟེན་ལས་སྤྲོད་ལ་བརྟེན་པའི་སྔོན་ལ་ཆོག་མཆན་བཀོད་པའི་རྣམ་གྲངས་15ཆ་ཚང་ལས་འགོ་བཙུགས་པ་རེད།

འགོ་འཛུཌ་ས་གསར་པར། ཆབ་མདོ་གྲོང་ཁྱེར་གྱིས“ཐམས་ཅད་ཤར་ལ་ཕྱོགས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་པ”དམིཌ་ཚད་དུ་བྱས་ཤིང་། “ལས་འགན་ཆེན་པོ་དགུའི་འདེགས་སྐྱོར”ལ་དམ་པོར་དམིགས་ནས“3+1+1”གི་ལས་དོན་ཁག་ལྔ་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ནུས་རྒྱུ་གཙང་མའི་རྟེན་གཞི་ཆགས་པ་དང་། ཁྱད་ལྡན་ཐོན་ལས་སྟོབས་ཆེར་འགྲོ་བ། དམངས་འཚོའི་བདེ་རྩ་ལེགས་སུ་གཏོང་བ་བཅས་ཀྱི་མཛེས་ཤིང་ལྟ་ན་སྡུག་པའི་མཛེས་རིས་ཤིག་གཙང་གསུམ་ལང་ལོང་རྒྱུག་པའི་ཡུལ་ལུང་དུ་རིམ་གྱིས་མངོན་བཞིན་ཡོད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། པ་ཕན་དང་གནམ་ཕྱུག་རྒྱལ་གྱིས་ཞུས)