ཆ་སྙོམས་ས་བབ་སྨི་4600ཡོད་པའི་གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་དུ་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྐྲུན་ཐུབ་པ་ནི་སྡོང་ཕྲུག་རེ་རེ་བཞིན་རྩ་བ་ཚུགས་ནས་འཚར་ལོངས་བྱུང་བ་དང་། བྱེ་རླུང་དལ་གྱིས་འཇགས་པའི་འགྱུར་ལྡོག མང་ཚོགས་ཀྱི་བཞིན་ལས་འཕྱུར་བའི་དགའ་སྤྲོ་དང་སྤོབས་སེམས་བཅས་ལས་མངོན་བཞིན་ཡོད།
ཉེ་བའི་ལོ་ཤས་རིང་། ས་དགའ་རྫོང་གིས“རི་གཉིས”ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་ཤིང་འཛུགས་ནགས་བཟོ་དང་བྱེ་འགོག་བྱེ་བཅོས་བྱས་ནས། ས་མཐོའི་ཡུལ་དེར་སྔོ་ལྗང་གོས་ཀྱིས་བརྒྱན་པ་དང་། ཡུལ་ཕྱོགས་གཅིག་བརྟན་སྲུང་བྱས་ནས་ཡུལ་འདིའི་མི་རྣམས་ལ་བདེ་སྐྱིད་སྐྲུན་པ་བཅས་བྱས་ཡོད།
ཐོག་མའི་བསམ་འདུན་བཅངས་ནས་ཡངས་པའི་བྱེ་ཐང་སྔོ་ལྗང་གོས་ཀྱིས་བརྒྱན་པ།
ས་བབ་མཐོ་བ་དང་གྲང་ངར་ཆེ་བའི་ཁོར་ཡུག་ཞན་པོའི་འོག ལྗོན་ཤིང་རང་དགར་བཏབ་ན་གསོན་མི་ཐུབ། ས་དགའ་རྫོང་ནགས་ལས་དང་རང་བྱུང་ཐོན་ཁུངས་སྡེ་ཚན་གྱིས་ཤིང་སོན་དང་སྡོང་ཕྲུག་ཞིབ་ཚགས་བདམས་ནས་ཞིབ་བསྡུར་དང་ཚོད་ལྟ་ཐེངས་མང་བྱས་པ་རེད། ཚང་མས་རེ་རེ་བཞིན་ལེགས་འདེམས་དང་ཚོད་འདེབས་ཡང་ཡང་བྱས་པ་མ་ཟད། གྲང་འགོག་དང་། རླུང་འགོག ཡུལ་དེ་གའི་ཁོར་ཡུག་དང་འཚམ་པ་བཅས་ཀྱི་སྣ་ཁ་དབྱེ་འབྱེད་བྱས་པས། མཐར་རྒྱ་ལྕང་དང་། སྦྱར་པ། གླ་ཚེར་སོགས་སྐྱེ་འཚར་ལ་འཚམ་པའི་ཤིང་རིགས་གཙོ་བོ་གཏན་འཁེལ་བྱས་པ་རེད། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)
སྡོང་ཕྲུག་ཡང་དག་པར་འདེམས་པ་ནི་གོམ་པ་དང་པོ་ཡིན། ས་མཐོར་ལྗོན་ཤིང་འཛུགས་པར་ཆུ་ནི་དཀའ་གནད་ཆེ་ཤོས་རེད། ས་དགའ་རྫོང་དུ་ཐན་པ་ཆེ་ལ་ཆར་ཆུ་ཉུང་བ་དང་རླངས་པར་འགྱུར་ཚད་ཆར་ཆུ་འབབ་ཚད་ལས་མང་བ་ཡོད་པས། ལྗོན་ཤིང་ལ་ཆུ་གཏོང་བར་ཚང་མ་མི་ཐབས་ལ་བརྟེན་དགོས་ཤིང་། རླངས་འཁོར་རེ་རེ་དང་ཆུ་ཟོམ་རེ་རེ་བཞིན་དབོར་ཡོང་ནས་སྡོང་རྐང་རེ་རེ་བཞིན་ལ་ཆུ་རྒྱག་དགོས་ཀྱི་ཡོད།
ལྗོན་ཤིང་འཛུགས་པར་དཀའ་ལས་ཁག་པོ་ཡོད་ལ། སྔོ་ལྗང་སྲུང་སྐྱོང་བྱེད་པར་དཀའ་ལས་དེ་བས་ཁག་པ་ཡོད།
ས་དགའ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱི་སྔོ་ལྗང་བདག་སྐྱོང་པ་ཡེ་ཤེས་སྐྱིད་དགའ་ནི་ས་གཞི་དེའི་སྟེང་གི་སྔོ་ལྗང་སྲུང་སྐྱོང་ནང་ཞུགས་མཁན་དང་དེར་དཔང་པོ་བྱེད་མཁན་ཞིག་རེད། ཁོང་དང་ཐུག་སྐབས་ཁོང་ནི་ད་ལོ་གསར་དུ་བཏབ་པའི་སྡོང་ཕྲུག་ལ་ཆུ་རྒྱག་བཞིན་འདུག
ཁོང་ལ་རྟག་ཏུ་ལྗོན་ཤིང་དང་འབྲེལ་བ་བྱས་ན་སུན་གྱི་མི་འདུག་གམ་ཞེས་དྲིས་པར། ཁོང་གིས“ལྗོན་ཤིང་དེ་དག་ཉིན་རེ་བཞིན་འཚར་ལོངས་བྱུང་བ་དང་བྱེ་རླུང་ཉིན་རེ་བཞིན་ཆུང་དུ་འགྲོ་བ་མཐོང་སྐབས་ང་རང་བློ་ཧ་ཅང་བདེ་པོ་འདུག”ཅེས་ལན་བཏབ།
ཁོང་གིས་བལྟས་ན་གླ་ཚེར་ནི་ས་དགའི་ས་གཞིར་འཚམ་ཤོས་ཀྱི་ཤིང་རིགས་ཤིག་རེད། དེའི་སྐྱེ་འཕེལ་གྱི་ནུས་པ་ཆེ་བ་དང་། གྲང་ངར་དང་ཐན་པ་ཐེག་ཐུབ་པ། རླུང་འགོག་དང་བྱེ་འཇགས་ཐུབ་པ་མ་ཟད། འབྲས་བུར་ད་དུང་དཔལ་འབྱོར་གྱི་ཕན་འབྲས་ཀྱང་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ས་དགའ་རྫོང་གིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་425ལྷག་ཙམ་བཏང་ནས“གཙང་པོ་གཉིས་དང་ཆུ་བོ་བཞི”ཡི་མི་ཐབས་ནགས་བཟོའི་རྣམ་གྲངས་སྤེལ་བ་དང་། མ་དངུལ་སྒོར་ཁྲི་370ལྷག་ཙམ་བཏང་ནས་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་ཏེ་རྒྱ་ཁྱོན་མུའུ་1600ལྷག་ཙམ་གྱི་སར་འོས་འགན་ཤིང་འཛུགས་བྱས་པ་རེད།
འདུ་ཤེས་ཟབ་ཏུ་བཏང་ནས་སྔོ་ལྗང་སྲུང་སྐྱོང་རང་རྟོགས་སུ་འགྱུར་བར་བྱས་པ།
ས་དགའ་རྫོང་སྐྱ་སྐྱ་གྲོང་རྡལ་རྒྱལ་གྲོང་ཚོར་སྐྱོད་སྐབས། ཚ་ཚ་འུར་འུར་ངང་ལྗོན་ཤིང་འཛུགས་པའི་རྣམ་པ་ཞིག་མངོན་འོང་། ཁང་པའི་རྒྱབ་མདུན་དང་གྲོང་ཚོའི་སྲང་ལམ་གཡས་གཡོན་དུ་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཚོས་ཕྱར་བ་གྲུ་འདེགས་ཀྱིས་སྦྱག་མས་ས་སྡོང་འདྲུ་བ་དང་སྡོང་ཕྲུག་ལ་ས་སྐྱོར་རྒྱག་བཞིན་འདུག
རྒྱལ་གྲོང་ཚོ་ཨུ་ལྷན་གྱི་ཨུ་ཡོན་རྡོ་རྗེ་མཁས་གྲུབ་མི་རབས་ནས་མི་རབས་བར་ས་མཐོ་འདིར་འཚོ་བ་དང་། ཁོང་གི་མིག་ནང་ལྗོན་ཤིང་འཛུགས་པ་ནི་ཁྱིམ་གཞིས་མཛེས་སུ་གཏོང་བ་ཙམ་མ་ཡིན་པར་འཚོ་བར་སྲུང་སྐྱོང་དང་བྱེ་རླུང་འགོག་པའི་རྟེན་ས་ཞིག་དེ་བས་རེད། ཁོང་གིས། ལོ་བཅུ་ལྷག་ཙམ་གྱི་གོང་དུ་གྲོང་མི་ཚོར་ཁང་པའི་རྒྱབ་མདུན་དུ་ལྗོན་ཤིང་འཛུགས་པའི་གོམས་གཤིས་མེད། མཐའ་འཁོར་གྱི་ནགས་བཟོའི་ཚོད་ལྟའི་ལས་དོན་ལ་ཕན་འབྲས་རགས་ཙམ་ཐོན་པ་དང་སྡོང་ཕྲུག་སྐྱེ་འཚར་ཡག་པོ་བྱུང་བ་དང་བསྟུན་ནས་ཚང་མས་གཞི་ནས་རེ་བ་དེ་དངོས་སུ་མཐོང་ཡོད་ཅེས་བརྗོད།
“ལྗོན་ཤིང་འཛུགས་པར་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བའི”བར་མང་ཚོགས་ཀྱི་སྐྱེ་ཁམས་འདུ་ཤེས་ལ་འགྱུར་ལྡོག་ཆེན་པོ་ཕྱིན་པ་མཚོན་གྱི་ཡོད།
རྒྱལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་བསྟན་འཛིན་ཟླ་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། གྲོང་ཚོའི་ཏང་ཀྲི་པུའི་སྣེ་ཁྲིད་དང་གྲོང་སྡོད་ལས་དོན་རུ་ཁག་གི་སྐུལ་ཁྲིད་འོག དུད་ཚང་ཚང་མས་རང་འགུལ་ངང་ཁང་པའི་རྒྱབ་མདུན་སྔོ་འགྱུར་དང་། སྔོ་འགྱུར་ལ་དགའ་ཞེན། སྔོ་འགྱུར་སྲུང་སྐྱོང་བཅས་བྱེད་པའི་དར་སྲོལ་ཞིག་ཆགས་ཡོད།
མང་ཚོགས་ཀྱི་ནགས་སྲུང་གི་ཧུར་བརྩོན་རང་བཞིན་རྒྱུན་མཐུད་འཕེལ་བ་དང་སྔོ་འགྱུར་ལས་དོན་དེ“འདེབས་འཛུགས་ཡག་པོ་བྱེད་པ”ནས“དོ་དམ་ཡག་པོ་བྱེད་པའི”བར་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་ཆེད། གྲོང་ཚོས་ཕུགས་ཕན་གྱི་དོ་དམ་སྲུང་སྐྱོང་གི་ལྕག་སྐུལ་ལམ་སྲོལ་བཙུགས་ཡོད། ལོ་ལྟར་གྱི་ལོ་མཇུག་ཏུ། གྲོང་ཚོས་སྡོང་ཕྲུག་གསོན་ཚད་ལ་གཅིག་གྱུར་ཐོག་ཞིབ་བཤེར་བྱེད་པ་དང་། ཁྱིམ་ཚང་ཁག་གི་དོ་དམ་སྲུང་སྐྱོང་གི་ཕན་འབྲས་ལ་གཞིགས་ནས་བྱ་དགའ་ཆད་གཅོད་བྱེད་པ། འཚོ་བའི་མཁོ་ཆས་བྱ་དགར་བརྩིས་ནས་སྔོན་ཐོན་གཏོད་པ་དང་རྗེས་ལུས་ལ་སྐུལ་ལྕག་གཏོང་གི་ཡོད། ད་ལོ་གྲོང་ཚོས་ད་དུང་སྔོ་འགྱུར་ཁྱབ་ཁོངས་དེ་འདམ་རའི་མཐའ་འཁོར་དུ་སྣུར་སྲིང་བྱས་ནས་ལྗང་མདོག་ས་ཁོངས་མུ་མཐུད་རྒྱ་ཆེར་བཏང་སྟེ་ས་གནས་དེ་གའི་སྐྱེ་ཁམས་སྲུང་བཅད་བརྟན་པོ་བསྐྲུན་རྩིས་ཡོད་པ་རེད།
བཅོས་སྐྱོང་འཁོར་འབྲེལ་གྲུབ་པར་བྱས་ནས་ཁོངས་ཡོངས་མཉམ་འགུལ་གྱི་རྨང་གཞི་བཏིང་བ།
གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྲོལ་ཡིག་དང་ཕུགས་ཀྱི་འཆར་འགོད་དོན་འཁྱོལ་ནན་པོ་བྱེད་པ། ལམ་ལུགས་བཟོ་བ། རྩིས་ཁྲ་འཛུགས་པ། བཀོད་གཏོང་ལ་དམ་འཛིན་བཅས་བྱས་ཏེ་རྫོང་ཁག་གི་སྐྱེ་ཁམས་བཅོས་སྐྱོང་ལ་གནས་བབ་གཏན་འཁེལ་དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད།
གྲོང་ཁྱེར་ཡོངས་ཀྱི་བཀོད་སྒྲིག་དང་བསྟུན་ནས་ས་དགའ་རྫོང་གིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། “ཚད་གསུམ་ཐོ་གཅིག”གི་སྐྱེ་ཁམས་དོ་དམ་ཚོད་འཛིན་གྱི་མཐའ་ཚད་ནན་པོར་བསྲུངས་ཏེ་ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཡོད། ལས་འགན་ཐད་རེ་རེ་བཞིན་གསལ་ཐོ་བཟོས་པ་དང་མྱུར་ཚད་ཐད་རེ་རེ་བཞིན་དོན་འཁྱོལ་བྱས་ཤིང་། རྫོང་ཡོངས་ཀྱི་གོང་འོག་ཚང་མ་བསམ་ཇུས་གཅིག་བྱས་ནས་སྔོ་ལྗང་ལ་མཉམ་དུ་སྲུང་སྐྱོང་བྱས་པ་རེད།
སྔ་རྗེས་སུ་མ་དངུལ་སྒོར་ཁྲི་5900ལྷག་ཙམ་བཏང་ནས་ཆུའི་སྐྱེ་ཁམས་སླར་གསོའི་འདུ་འགོད་ལ་གཙོ་གནད་ཐོག་སྐུལ་སྤེལ་བཏང་སྟེ་ས་ཁོངས་སྐྱེ་ཁམས་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་བརྟན་དུ་བཏང་ཞིང་། ཞན་འགྱུར་རྩྭ་ཐང་བཀག་སྡོམ་ཉམས་གསོ་བྱས་པ་བརྒྱུད་གནོད་འཚེ་ཕོག་པའི་རྩྭ་ར་སླར་གསོ་བྱུང་ནས་སྐྱེ་སྟོབས་རིམ་བཞིན་རྒྱས་པ་དང་། འདུ་འགོད་སྤེལ་ནས་བྱེ་འཇགས་བཅོས་སྐྱོང་བྱས་ཏེ་རིམ་བཞིན་བྱེ་འགྱུར་ས་ཆ་སླར་གསོ་དང་སྐྱེ་ཁམས་བར་མཐོངས་རྒྱ་ཆེར་བཏང་ཡོད། འདམ་ར་རྒྱུན་རྣམ་ཅན་གྱི་དོ་དམ་སྲུང་སྐྱོང་དོན་འཁྱོལ་བྱས་ཏེ་ཆུ་རྩ་གསོ་འཁྱོངས་དང་ས་ཆུ་སྲུང་འཛིན་ལ་སྐྱེ་ཁམས་ལྷོད་གཏོང་ཁུལ་བརྟན་པོ་བསྐྲུན་ནས་ས་ཁོངས་སྐྱེ་ཁམས་སྲུང་བཅད་རྒྱུན་མཐུད་བརྟན་དུ་བཏང་བ་རེད།
“གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་བཟོ་དང་འོས་འགན་ཤིང་འཛུགས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས“ལྗོན་ཤིང་མེད་པའི་དུད་ཚང”གཅིག་ཀྱང་མེད་པའི་བྱ་སྤྱོད་གཏིང་ཟབ་སྤེལ་ཞིང་། ཡར་ཀླུང་གཙང་པོའི་ངོགས་གཉིས་ནས་གྲོང་ཚོའི་ལམ་འགྲམ་བར་དང་། རྫོང་གྲོང་གི་ཁྲོམ་གཞུང་ནས་ཁང་པའི་རྒྱབ་མདུན་བར་དུ་རྩི་ཤིང་སྔོ་ཐིང་ཐིང་ངང་ཁེབས་ཏེ་རྫོང་གྲོང་གི་རྣམ་པ་གསར་སྒྱུར་དང་གྲོང་ཚོར་ཉམས་གསར་མངོན་ཡོད།
ཁོར་ཡུག་སྲུང་སྐྱོང་གི་ཁྱབ་ཁོངས་སྔར་ལས་རྒྱ་ཆེ་རུ་སོང་ཞིང་། གད་སྙིགས་རིགས་དབྱེ་དང་། ས་སྦས་ཁུལ་ཉམས་གསོ། ཆུ་འགོ་སྲུང་སྐྱོང་སོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་རྣམ་གྲངས་ཁག་21ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་ནམ་མཁའ་གཡའ་དག་པ་དང་། ཆུ་མོ་དྭངས་ཤིང་གཙང་བ། ས་གཞི་རྡུལ་དག་པ་བཅས་སྲུང་སྐྱོང་གི་དམག་འཐབ་མཉམ་དུ་བརྒྱབ་སྟེ། ཁོངས་ཡོངས་ཀྱི་མིའི་འཚོ་སྡོད་ཁོར་ཡུག་གི་གནས་སྟངས་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ནས་གནས་འཕྲོད་ལས་འཚམ་བྱུང་ཡོད་པ་རེད།
བསྡོམས་རྩིས་བརྒྱབ་པ་ལྟར་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ས་དགའ་རྫོང་གིས་རིམ་རྩིས་བརྒྱབ་ན་རྩྭ་ཐང་སྐྱེ་ཁམས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་2.76ལྷག་ཙམ་སྤྲད་པ་དང་། ནགས་ཚལ་སྐྱེ་ཁམས་ཀྱི་ཕན་འབྲས་ཁ་གསབ་སོགས་མ་དངུལ་སྒོར་ཁྲི་6100ལྷག་དོན་འཁྱོལ་བྱས་པ་མ་ཟད། རྫོང་ཡོངས་སུ་སྐྱེ་ཁམས་ལས་གནས་2332བཀོད་སྒྲིག་བྱས་ཏེ་རྒྱ་ཆེའི་ཞིང་འབྲོག་པ་ཐག་ཉེ་སར་ནགས་སྐོར་དང་། རྩྭ་སྲུང་། འདམ་ར་སྲུང་སྐྱོང་བཅས་ཀྱི་ནང་ཞུགས་པར“སྐྱེ་ཁམས་ཀྱི་ཡོང་འབབ”བརྟན་པོ་བྱུང་ཡོད་པ་རེད།
(ཉི་དོན་དང་གནམ་ཕྱུག་རྒྱལ་གྱིས་སྒྱུར་ཞུས་བྱས)