《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月11日

“མང་ཚོགས་ལ་རི་སྔོན་ཆུ་དྭངས་ཀྱི་ཕན་བདེ་མྱོང་དུ་འཇུག་པ”

ཟླ་བ་དྲུག་པར། དབྱར་འགོ་མའི་དྲོད་རླུང་རྫ་ཆུའི་ངོགས་གཉིས་སུ་ལྡང་འགོ་ཚུགས་ནས། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དབྱེན་འདུམ་གྲོང་རྡལ་རོས་འགྱིས་གྲོང་ཚོའི་རི་ཚོགས་ཀྱང་སྔོ་ཐིང་ཐིང་དུ་གྱུར། རི་ལྡེབས་ནས་རྒྱང་ལྟ་བྱས་ཚེ་རྩྭ་རྩི་ཤིང་སྣ་ཚོགས་ཚང་ཚིང་དུ་སྐྱེས་ཡོད་པ་མངོན་ཡོང་།

ཡུལ་མི་ཤེས་རབ་མཐར་ཕྱིན་གྱིས་མར་བསྒུར་ནས་སྡོང་ཕྲུག་རྟེན་གཞིའི་ཀུ་ཤུ་སྡོང་པོའི་ཤིང་ཏོག་ལ་ཞིབ་ཏུ་ལྟ་བཞིན་གདོང་ལ་ཡིད་མགུ་བའི་འཛུམ་མདངས་ཤིག་མངོན། “སྔོན་ཆད། ལ་རྒོད་འདིར་འབྲི་གཡག་ཀྱང་འཚོ་སྐྱོང་བྱེད་དཀའ་ནའང་ད་ཆ་ལྗོན་ཤིང་སྣ་ཚོགས་སྐྱེས་པ་མ་ཟད། ང་ཚོའི་འཚོ་བ་ཡང་ཇེ་ཡག་ཏུ་སོང་ཡོད”ཅེས་ཁོང་གིས་བཤད།

དེ་སྔོན་ཡུལ་ལུང་དེ་གའི་གནས་སྟངས་ནི་ས་ཆུ་ཤོར་བ་དང་རི་ངོས་སྐྱ་ཐེར་ཡིན་པས་ལྷགས་པ་བརྒྱབ་ཚེ་ས་རྡུལ་གྱིས་ནམ་མཁའ་གང་བ་དང་། ཡུལ་མིས་ས་ཞིང་མུའུ་ཁ་ཤས་བསྲུངས་ནས་ཆར་ཆུར་བརྟེན་ཏེ་འཚོ་བ་སྐྱེལ་ཐབས་བྱེད་ཀྱི་ཡོད། ད་ཆ་བྲག་གཡབ་རྫོང་གིས་སྣོད་བཅུད་ལས་ཀར་འབད་ནས་སྐྱེ་ཁམས་བཅོས་སྐྱོང་དང་མང་ཚོགས་ཀྱི་འབབ་འཕར་ཟུང་འབྲེལ་དམ་ཟབ་བྱས་པས“རི་རྒོད་ལ་སྔོ་ལྗང་གི་གོས་གཡོགས་པ”དང“རྩི་ཤིང་དང་འབྱོར་ཕྱུག་མཉམ་འཕེལ”གྱི་འགྱུར་ལྡོག་ཉམས་དགའ་བ་བྱུང་ཡོད།

2018ལོར། བྲག་གཡབ་རྫོང་གིས་བློ་ཁོག་ཆེན་པོས་ཐག་བཅད་པ་ཞིག་ལ། རོས་འགྱིས་གྲོང་ཚོའི་རོས་པ་རང་བྱུང་གྲོང་ཚོའི་མུའུ་1000ཙམ་གྱི་རི་ཁུལ་དང་བེད་མེད་ས་ཆ་གཅིག་གྱུར་ངང་བརྒྱུད་བཤུག་བྱས་ཏེ། ཆབ་མདོ་གྲོང་ཁྱེར་ནགས་ལས་ཚད་ཡོད་འགན་འཁྲི་ཀུང་སིར་བོགས་མར་བཏང་ནས་གསོམ་སྡོང་དང་། ཁམ་སྡོང་། ཀུ་ཤུའི་སྡོང་པོ་སོགས་སྡོང་ཕྲུག་སྣ་ཚོགས་རྐང་ཁྲི་78.3གཞི་ཁྱོན་ཆེན་པོའི་ངང་བཙུགས།

“སྐབས་དེ་དུས་མི་མང་པོ་ཞིག་གིས་ལ་རྒོད་དེར་རྩྭའང་ཡག་པོ་མི་སྐྱེ་བས། ཤིང་སྡོང་ཡག་པོ་ཇི་ལྟར་གསོན་ནམ་སྙམ་ནས་བསམ་ཤེས་ཐུབ་ཀྱི་མེད། འོན་ཀྱང་ང་ཚོས་ཡུལ་མི་དང་རྩིས་ཡག་པོ་བརྒྱབ་པ་ཡིན། ས་ཞིང་བརྒྱུད་བཤུག་བྱས་ན་ལོ་ལྟར་གྲོང་ཚོར་བོགས་དངུལ་སྒོར་ཁྲི་19རག་པ་མ་ཟད། ཡུལ་མི་ཚོས་ད་དུང་སྡོང་ཕྲུག་ར་བའི་ནང་ལས་ཀ་བྱས་ན་ཉིན་རེར་གླ་ཕོགས་སྒོར་130ཡོད། འདི་ནི་ས་ཞིང་འདེབས་པ་ལས་ཡག་པ་ཡོད”ཅེས་རོས་འགྱིས་གྲོང་ཚོའི་སྒྲིག་བཤེར་ཨུ་ཡོན་ཕུར་སྐལ་གྱིས་ཕྱིར་དྲན་བྱས་ནས་བཤད།

ཡུལ་མི་ཕུར་བུའི་ཁྱིམ་ནི་ཕན་པ་ཐོབ་མཁན་རེད། སྡོང་ཕྲུག་རྟེན་གཞི་བསྐྲུན་རྗེས་ཁོང་དང་བཟའ་ཟླ་བསོད་ནམས་སྒྲོལ་མ་ནི་ལས་མི་ཁག་དང་པོར་གྱུར་ནས་གཙོ་བོ་སྡོང་ཕྲུག་ལ་བདག་སྐྱོང་བྱེད་ཀྱི་ཡོད། “ན་ནིང་ངེད་གཉིས་ཀྱིས་སྡོང་ཕྲུག་རྟེན་གཞིར་ཁྱོན་ཉིན་200ལྷག་ཙམ་ལས་ཀ་བྱས་པ་དང་། ལས་གླ་ཁོ་ནར་སྒོར་ཁྲི་2ལྷག་ཙམ་རག་ཡོད། དེའི་ཁར་ས་ཞིང་བོགས་དངུལ་གྱི་ཁེ་སྤོགས་བགོས་པས་ཁྱིམ་ཚང་གི་འཚོ་བ་རིམ་བཞིན་ལེགས་སུ་ཕྱིན་ཡོད”ཅེས་ཕུར་བུས་འཛུམ་དམུལ་དམུལ་ངང་གསར་འགོད་པར་བཤད། ད་ཆ་ཁོང་དང་འདྲ་བར་ལོ་ལྟར་སྡོང་ཕྲུག་ར་བར་ལས་ཀ་བྱེད་མཁན་ཡུལ་མི་30ལྷག་ཙམ་ཡོད་པ་དང་དུས་ཚིགས་རང་བཞིན་གྱི་ལས་མི་སྤྱོད་མང་བའི་དུས་སུ་ལས་མི་བརྒྱ་ལྷག་ཙམ་ཟིན་གྱི་ཡོད།

སྡོང་པོ་སྐྱེས་པ་མ་ཟད་ད་དུང་ཡོང་འབབ་ཀྱང་རག་ཐུབ། ཡུལ་མི་ཚོས་རང་འགུལ་ངང་ཁང་པའི་རྒྱབ་མདུན་དང་ཞིང་ནང་མུ་ཁར་ཀུ་ཤུ་དང་། ཁམ་བུ། ཤིང་ཏོག་ལི་སོགས་ཀྱི་དཔལ་འབྱོར་ལྗོན་ཤིང་བཙུགས་པ་རེད།

ལོ་མང་རིང་སྐྱེ་ཁམས་ལས་ལ་གཞོལ་ནས་རོས་འགྱིས་གྲོང་ཚོའི་སྔོན་ཆད་ཀྱི་ལ་རྒོད་དེ“རྩི་ཤིང་གི་སྐྱེད་ཚལ”དུ་གྱུར་ཅིང་། ནགས་ཚལ་ཁྱབ་ཚད་བརྒྱ་ཆའི་གྲངས་20ཙམ་མཐོ་རུ་སོང་ནས་ས་ཆུ་ཤོར་བ་བཀག་འགོག་ནུས་ལྡན་ཐུབ་པ་མ་ཟད་མང་ཚོགས་ཀྱི་ཡོང་འབབ་ཀྱང་མང་དུ་སོང་ཡོད།

ཕུར་སྐལ་གྱིས་གསར་འགོད་པར་རྩིས་ཡག་པོ་དྲངས་པ་སྟེ། 2025ལོར་རོས་འགྱིས་གྲོང་ཚོའི་མང་ཚོགས་ལ་ཁྱིམ་གྱི་སྒོ་རྩར་ཡོང་འབབ་རག་པ་དང་། སྡོང་ཕྲུག་གི་ལས་ཀ་བྱས་པར་ཁྱིམ་ཚང་ལ་ཡོང་འབབ་མང་ཤོས་སྒོར་ཁྲི་2.8ཟིན་པ་མ་ཟད་ཡོང་འབབ་དེ་རྒྱུན་མཐུད་དང་བརྟན་པོའང་ཡོད་པ་རེད།

རོས་འགྱིས་གྲོང་ཚོར་གྲུབ་འབྲས་ཐོབ་པ་ནི་དཔེ་མཚོན་རྐྱང་པ་ཞིག་མིན།

2018ལོར། བྲག་གཡབ་རྫོང་གིས་དཔལ་འབྱོར་ལྗོན་ཤིང་མུའུ་ཁྲི་ཡི་རྣམ་གྲངས་གཉེར་བར་རིམ་རྩིས་བརྒྱབ་ན་ཁྱད་ལྡན་དཔལ་འབྱོར་ལྗོན་ཤིང་མུའུ་ཁྲི་1ལྷག་ཙམ་བཙུགས་པ་དང་། ས་ཆུ་ཤོར་ཁྱོན་སྤྱི་ལེ་ངོས་གྲུ་2.38བཅོས་སྐྱོང་བྱས་པ། དུད་ཚང་4020དང་མང་ཚོགས་ཁྲི་2.2ལས་ཞུགས་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱས་ནས་ངལ་ལས་ཡོང་འབབ་སྒོར་ཁྲི་208.53འཕར་ཡོད། “བྲག་གཡབ་རྫོང་གི་ཀུ་ཤུ”གཙོ་བོར་བྱས་ཏེ་སྟར་ག་དང་། ཤིང་ཏོག་ལི། ཁམ་བུ་སོགས་སྣ་ཁ་མང་བའི“གཙོ་གཅིག་སྣ་མང་དང་ཕྱོགས་མང་གཅིག་འདུས”ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པ་ཆགས་བཞིན་ཡོད་པ་རེད།

ས་སྲོས་ཀྱི་ཉི་མ་ལ་ཁར་བཞུད་སྐབས། རོས་འགྱིས་གྲོང་ཚོའི་སྡོང་ཕྲུག་ར་བ་སེར་ཆེམ་ཆེམ་དུ་སྣང་། ཕུར་སྐལ་རི་ལྡེབས་སུ་བསྡད་དེ་ཚང་ཚིང་དུ་འཁྲིགས་པའི་གསོམ་སྡོང་ལ་རྒྱང་ལྟ་བྱེད་བཞིན་དུ“ལོ་ཤས་སོང་རྗེས་གྲོང་ཚོའི་ཡུལ་སྐོར་འཕེལ་རྒྱས་ཕྱིན་ཚེ། ས་ཆ་འདི་ནི‘གཡུ་ལོ་བཀོད་པའི་ཞིང་ཁམས’དངོས་ལ་འགྱུར་ངེས་རེད། དེ་དུས་མེ་ཏོག་དང་ཤིང་འབྲས། ད་དུང་བྲོ་བ་ཞིམ་པའི་བོད་ཁྱིམ་གྱི་ཟ་མ་བཅས་ཀྱིས་རྒྱང་རིང་གི་མགྲོན་པོ་རྣམས་ཀྱི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་ངེས་རེད”ཅེས་བརྗོད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཉི་དོན་གྱིས་ཞུས)