འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་ཟླ་6ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། 2025ལོ་འཁོར་གྱི་རྒྱལ་ཡོངས་དང་བླངས་ཞབས་ཞུའི“བརྒྱ་བཞི”ཡི་ཕུལ་བྱུང་དཔེ་མཚོན་དཔྱད་འདེམས་བྱས་འབྲས་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི“གསེར་དཀར་སྐར་མ་བཅུའི”མྱུར་སྐྱོབ་དྲིལ་བསྒྲགས་དང་བླངས་ཞབས་ཞུ་རུ་ཁག་གིས་ཆེད་ལས་ཀྱི་ཞབས་ཞུ་དང་། གྲུབ་འབྲས་བཟང་པོ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་རྒྱ་ཁྱབ་བཅས་ལ་བརྟེན་ནས་རྒྱལ་ཡོངས་ཀྱི“དང་བླངས་ཞབས་ཞུའི་རྩ་འཛུགས”ཀྱི་ཕུལ་བྱུང་དཔེ་མཚོན་ལ་བདམས་པ་རེད། དེ་ནི་ཚོགས་པ་དེར་ཀྲུང་གོའི་ན་གཞོན་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་ཆེན་པོ་སྐབས་བདུན་པའི་དངུལ་གྱི་བྱ་དགའ་ཐོབ་རྗེས་སླར་ཡང་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ་པ་ཞིག་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དང་བླངས་ཞབས་ཞུ་རུ་ཁག་དེ་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་ནད་ལྕི་གསོ་རིག་ཚན་ཁག་དང་འཕྲལ་བཅོས་ཚན་ཁག་མཉམ་འབྲེལ་བྱས་ནས་བཙུགས་པ་ཞིག་ཡིན་པ་དང་། ས་མཐོའི་མྱུར་སྐྱོབ་ཚན་རིག་ཁྱབ་གདལ་གྱི་འཐབ་ས་དང་པོར་ལོ་བཅུའི་རིང་ལས་ལ་གཞོལ་བ་རེད། ཚོགས་པའི་ཁོངས་མི་ཚང་མ་ནི་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་སྨན་དོན་མི་སྣ་ཡིན་ལ་ཁོང་ཚོས་མང་ཚོགས་ཀྱི་མྱུར་སྐྱོབ་ཤེས་བྱ་མི་འདང་བ་དང་། འཕྲལ་སྡོམ་ཐག་གཅོད་ནུས་པ་ཞན་པ། གློ་བུར་དུ་བྱུང་བའི་ནད་གཞི་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་ཀྱི་ནུས་པ་ཞན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་ངལ་གསོའི་དུས་ཚོད་སྤྱད་དེ་སློབ་གྲྭ་དང་། སྡེ་ཁུལ། དེ་བཞིན་ཐག་རིང་གི་ཤང་དང་གྲོང་རྡལ། འབྲོག་ཁུལ་བཅས་སུ་བསྐྱོད་ཅིང་། རིན་མི་དགོས་པ་དང་། སྤྱི་ཕན། ཆེད་ལས་བཅས་ཀྱི་མྱུར་སྐྱོབ་ཚན་རིག་ཁྱབ་གདལ་གསོ་སྦྱོང་དང་འཕྲལ་སྡོམ་ཤེས་བྱའི་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བཞིན་ཡོད་པ་རེད།
ལོ་བཅུའི་རིང་། དང་བླངས་ཞབས་ཞུ་རུ་ཁག་དེས་རིམ་རྩིས་བརྒྱབ་ན་མྱུར་སྐྱོབ་དྲིལ་བསྒྲགས་བྱེད་སྒོ་ཐེངས་60ལྷག་ཙམ་སྤེལ་བ་དེ་དག་ཞིང་འབྲོག་པ་དང་། དགེ་སློབ། གཞི་རིམ་ལས་བྱེད་པ། རོགས་སྐྱོབ་མི་སྣ་སོགས་ལ་ཁྱབ་ནས་ཐད་ཀར་ཕན་པ་ཐོབ་མཁན་མང་ཚོགས་མི་ཐེངས་ཁྲི་1ལས་བརྒལ་ཞིང་། ཡུལ་ལུང་དེ་གའི་མང་ཚོགས་ཀྱི་མྱུར་སྐྱོབ་འདུ་ཤེས་དང་དེ་བཞིན་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་ཀྱི་འཇོན་ནུས་ཆེ་རུ་ནུས་ལྡན་སོང་ཡོད་པ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཉི་དོན་གྱིས་ཞུས)