ས་བབ་ལ་སྨི་4700ཙམ་ཟིན་པའི་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་སྨན་བཅོས་འཕྲོད་བསྟེན་ཚོགས་པའི་ལྟེ་བའི་སྨན་ཁང་གི་གཤགས་བཅོས་ཁང་དུ་ནད་པ་ཞིག་ལ་གསུས་ཤེལ་བཅུག་ནས་དོས་དྲག་རྒྱུ་ལྷག་ནད་ཀྱི་གཤགས་བཅོས་ཤིག་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ་དང་། གཤཌ་བཅོས་བྱེད་མཁན་སྨན་པ་གཙོ་བོ་ཚེ་དབང་མཐར་ཕྱིན་གྱིས་སྦྲིད་སྨན་ཚན་ཁག་དང་གཤགས་བཅོས་ཁང་གི་ཚོགས་པའི་གཞོགས་འདེགས་ཧུར་ཐག་ལ་བརྟེན་ནས་བློ་རྩེ་གཅིག་སྒྲིམ་ངང་གཤགས་བཅོས་བྱས་ཤིང་། ཆུ་ཚོད་གཅིག་སོང་རྗེས། གཤགས་བཅོས་ལེགས་གྲུབ་བྱུང་བ་རེད།
2022ལོའི་ཟླ་3པར། རྫོང་ཡོངས་ཀྱི་འབྲེལ་ཟབ་ཅན་གྱི་རྫོང་ཁོངས་སྨན་བཅོས་ཚོགས་པ་འཛུགས་སྐྱོང་གི་མཚོན་རྟགས་ཤིག་ཡིན་པའི་སྙན་རོང་རྫོང་སྨན་བཅོས་འཕྲོད་བསྟེན་ཚོགས་པ་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་ཏེ་མི་དོན་དང་། རྒྱུ་ནོར་ནོར་དོན། ལས་སྒོ། ལས་རྗེས་དཔྱད་དཔོག སྨན་རྫས་དང་ཡོ་བྱད་མཁོ་སྤྲོད་འགན་ལེན། ཏང་འཛུགས་སྐྱོང་བཅས“གཞི་གཅིག་ཅན་དྲུག”གི་དོ་དམ་བྱེད་སྟངས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཡོད།
ཐོན་ཁུངས་བསྡུ་སྒྲིལ་དང་ཕུན་སུམ་ཚོགས་སུ་བཏང་བ།
སྙན་རོང་རྫོང་ནི་ས་རྒྱ་ཆེ་ལ་མི་འབོར་ཉུང་བའི་ཐོག་སྨན་བཅོས་ཀྱི་ཐོན་ཁུངས་ཐར་ཐོར་དང་ཉམས་ཞན་ཡིན་པས། ཁྱིམ་ཚང་ཁྲི་སྟོང་མང་པོའི་སྨན་བཅོས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད། དེར་བརྟེན་མང་ཚོགས་ཚོའི་སྨན་བཅོས་ཀྱི་དཀའ་ངལ་སེལ་ཆེད། ས་གནས་དེས་བཀག་རྒྱ་ལས་སྒྲོལ་བ་དང་སྤྱི་འདོམས་མཉམ་འགུལ་བྱས་ཏེ་རྫོང་ལྟེ་བའི་སྨན་ཁང་དང་། སྨན་རྩིས་ཁང་། ཤང་དང་གྲོང་རྡལ་ཡན་ལག་སྨན་ཁང་10བཅས་གཅིག་ཏུ་བསྒྲིལ་ནས“ཁྱིམ་ཚང་རེར་རྩིས་ཁྲ་རེ་དང་བསམ་ཇུས་རེའི”དོ་དམ་བྱེད་སྟངས་ལག་ལེན་བསྟར་ཡོད།
མི་དོན་དོ་དམ་གཞི་གཅིག་ཅན་དུ་གྱུར་ནས་སྤུས་ལེགས་ཀྱི་སྨན་བཅོས་སྟོབས་ཤུགས་རྩྭ་ཐང་དུ་ཕྱོགས་པ་དང་གཞི་རིམ་དུ་གཞི་ཚུགས་ཐུབ་ཡོད། མིག་སྔའི་བར། རྫོང་ཡོངས་སུ་སྨན་དོན་པའི་ལས་གནས་38ལེགས་སྒྲིག་བྱས་པའི་ནང་རྐང་འཛིན་པ་18རང་འགུལ་ངང་རྫོང་གྲོང་ནས་ཤང་དང་གྲོང་རྡལ་གྱི་འཐབ་ས་དང་པོར་བསྐྱོད་ཡོད།
རྒྱུ་ནོར་དང་ནོར་དོན་གཞི་གཅིག་ཅན་གྱི་ཚད་ལྡན་གཉེར་སྐྱོང་བྱས་ཤིང་། ཚོགས་པས་ནོར་དོན་རྩིས་ཁྲ་ལོགས་དགར་བཟོས་པ་དང་། རྫོང་དང་ཤང་གི་སྨན་བཅོས་ཡོང་འབབ་ལ་གཅིག་གྱུར་ཞིབ་རྩིས་དང་སྒྲིག་ཆས་ཆེ་གྲས་དགོས་མཁོ་ལྟར་གཏོང་སྤྲོད་དང་མཉམ་སྤྱོད་བྱས་པས། འབྲོག་ཁུལ་གྱི་མང་ཚོགས་དེ་བས་མང་བར་ཐོན་ཁུངས་ཀྱི་ཕན་པ་ཐོབ་ཡོད། སྨན་རྫས་དང་ཡོ་བྱད་མཁོ་སྤྲོད་འགན་ལེན་གཞི་གཅིག་ཅན་ལག་ལེན་བསྟར་བ་དེས་དུས་ཡུན་རིང་པོར་གནས་པའི་གཞི་རིམ་གྱི“སྨན་སྤྱོད་དཀའ་བའི”གནད་དོན་རྦད་དེ་ཐག་གཅོད་ཐུབ་ཅིང་། ད་ཆ་ལྟེ་བའི་སྨན་ཁང་ལ་སྨན་རྫས་སྣ་ཁ་300ལྷག་ཙམ་ཟིན་པ་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ལ་རྒྱུན་གྲབས་ཀྱི་སྨན་རྫས་སྣ་ཁ་30ལྷག་ཙམ་ནས་90ལྷག་ཙམ་བར་མང་དུ་ཕྱིན་ཡོད།
གཞན་ཡང་། རྫོང་ཡོངས་སུ་མྱུར་སྐྱོབ་རླངས་འཁོར་14དང་སྐོར་སྐྱོད་སྨན་བཅོས་ཀྱི་ཆེད་སྤྱོད་སྦག་སྦག་142གཅིག་གྱུར་བཀོད་སྒྲིག་བྱས་ནས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ཚང་མར་ཁྱབ་ཡོད།
ཞིབ་སློབ་ནན་ཏན་བྱས་ནས་ནུས་པ་སྐྱེད་སྲིང་བྱས་པ།
སྐྱོབ་བཅོས་ཀྱི་ནུས་པ་བརྟན་པོའི་ངང་འཕེལ་བ་ནི་ལས་སྒོའི་དོ་དམ་ཞིབ་ཚགས་ཅན་ལས་བྱུང་བ་ཞིག་རེད། ཚོགས་པས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་ནད་བརྟག་སྨན་བཅོས་ཚད་གཞི་སྔར་བས་གཅིག་གྱུར་ཡོང་བར་བྱས་ཏེ“གཞི་རིམ་དུ་ཐོག་མར་སྨན་བཅོས་དང་། ཕྱོགས་གཉིས་སུ་སྨན་ཁང་སྒྱུར་བ། དོས་དྲག་དང་གཅོང་ནད་ལོགས་སུ་སྨན་བཅོས། གོང་འོག་མཉམ་འགུལ”བཅས་ཀྱི་རིམ་དབྱེའི་ནད་བརྟག་སྨན་བཅོས་བགྲོད་ལམ་བདེ་བླག་ངང་བཏོད་པ་དེས། འབྲོག་པའི་སྨན་བཅོས་ཐབས་ལམ་དེ་བས་ཁ་གསལ་དང་སྨན་བཅོས་ཞབས་ཞུ་དེ་བས་ནུས་ལྡན་བྱུང་ཡོད།
བོད་ལུགས་གསོ་རིག་གི་ཁྱད་ཆོས་གང་ལེགས་འདོན་ཐུབ་པ་བྱུང་ཞིང་། མ་དངུལ་སྒོར་ཁྲི་3000ལྷག་ཙམ་བཏང་བའི་སྨན་རྩིས་ཁང་གི་ཁུལ་གསར་པ་2023ལོའི་ཟླ་བཅུ་གཅིག་པར་དངོས་སུ་སྤྱོད་འགོ་ཚུགས་པ་དང་། སྔོན་མའི་ཚན་ཁག་3ནས་ད་ཆའི་7བར་མང་དུ་ཕྱིན་ལ། ཁྱད་ལྡན་སྨན་བཅོས་རྣམ་གྲངས་ཀྱང་7ནས་14བར་མང་དུ་ཕྱིན་ཡོད། 2025ལོར་སྨན་རྩིས་ཁང་གི་སྒོ་བསྟེན་ཁང་ནས་་ནད་པ་སྨན་བཅོས་བྱེད་ཚད་མི་ཐེངས་ཁྲི་1.69ཟིན་པ་དེ་དུས་མཚུངས་ལས་བཅུ་ཆ་བརྒྱད་ལྷག་ཙམ་འཕར་ཡོད།
གྲངས་གཞི་རེ་རེ་བཞིན་འཕར་བ་ལས་ར་སྤྲོད་ནུས་ལྡན་ཐུབ་པ་ནི། རྫོང་དང་ཤང་རིམ་གཉིས་ཀྱི་སྒོ་བསྟེན་ལ་ནད་པ་སྨན་བཅོས་བྱེད་ཚད་2022ལོའི་མི་ཐེངས་ཁྲི་4.38ནས་2025ལོའི་མི་ཐེངས་ཁྲི་8.15བར་འཕར་ཏེ་འཕར་ཚད་86.05%ཟིན་ལ། ཤང་དང་གྲོང་རྡལ་ཡན་ལག་སྨན་ཁང་གི་སྒོ་བསྟེན་སྨན་ཁང་ནས་ནད་པ་སྨན་བཅོས་བྱེད་ཚད་139.33%འཕར་བ་དང་གཤགས་བཅོས་བྱེད་ཚད་2022ལོའི་ཐེངས་24ནས་2025ལོའི་ཐེངས་85བར་ཆེས་ཆེར་འཕར་བས། མང་ཚོགས་སྔར་ལས་མང་བས་རྫོང་ཁོངས་སུ་བསྡད་ནས་སྨན་བཅོས་བྱེད་འདོད་ཀྱི་ཡོད།
བརྩེ་སེམས་ཟབ་མོས་ཞབས་འདེགས་གནད་ལ་འཁེལ་པོ་ཞུས་པ།
ཉི་མ་ཤང་འཕྲོད་བསྟེན་ཁང་དུ་སྨན་པ་ཕུན་ཚོགས་ཀྱིས་གསར་འགོད་པར་འཁྱེར་བདེའི་སྒྲིག་ཆས་གསར་པ་སྟེ་བདེ་ཐང་གཞི་གཅིག་ཅན་གྱི་འཕྲུལ་ཆས་ཤིག་བསྟན་བྱུང་། ཁོང་གིས་གསུངས་པ་ལྟར་ན་དེས་ཁྲག་ཤེད་དང་། ཁྲག་མངར། ཁྲག་ཚིལ་སོགས་ཀྱི་རྣམ་གྲངས་མང་པོར་ལྟ་ཆོག་གི་ཡོད་པ་རེད། ཁོང་གིས“འཕྲུལ་ཆས་འདི་ཡོད་ཙང་འགྲོ་སྐྱོད་སྟབས་བདེ་པོ་མེད་པའི་འབྲོག་པར་རང་ཁྱིམ་དུ་བརྟག་དཔྱད་བྱེད་ཆོག་པས་སྒོ་རྩར་ཞབས་འདེགས་ཁ་ཡོད་ལག་ཡོད་ཞུ་ཐུབ་ཡོད”ཅེས་བཤད། ཉེ་དུས་ཁོང་དང་ལས་རོགས་ཚོས་འཕྲུལ་ཆས་ཁྱེར་ནས་ཤང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་21གི་ཕྲུ་གུ་དང་། རྒན་རྒོན། ཉལ་སར་ལུས་པའི་ནད་པ་བཅས་300ལྷག་ཙམ་ལ་གཟུགས་པོ་བརྟག་དཔྱད་བྱེད་པར་བསྐྱོད་པས་ཡུལ་མི་དང་ནད་པ་ཡོངས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ཡོད།
རྫོང་ཡོངས་ཀྱི་གྲོང་སྦྲེལ་ཏང་ཨུད་28ལ་བརྟེན་ནས་སྙན་རོང་རྫོང་གིས་ད་དུང“གྲོང་ཚོ་མཉམ་འབྲེལ་ཏང་ཨུད་ཀྱིས་སྣེ་ཁྲིད་དང་། རྫོང་རིམ་པའི་སྨན་ཁང་གིས་མཛུབ་ཁྲིད། ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གིས་སྦྲེལ་མཐུད། གྲོང་ཚོའི་འཕྲོད་བསྟེན་ཁང་གིས་དོན་འཁྱོལ”བཅས་ཀྱི་ཞབས་ཞུ་སྒྲུབ་སྟངས་གསར་པ་བཏོད་དེ“ཏང་འཛུགས་སྐྱོང་དང་སྨན་བཅོས་ཟུང་འབྲེལ”གཏིང་ཟབ་ཐུབ་པར་བྱས་ཡོད། མིག་སྔར་གྲོང་ཚོ་མཉམ་འབྲེལ་ཏང་ཨུད་10ཡིས་རིམ་གསུམ་རྒྱང་ཁྲིད་ལྷན་འཛོམས་ནད་དཔྱད་ཁྱོན་ཡོངས་ལ་ཁྱབ་པར་བྱས་པས། སྤུས་ལེགས་སྨན་བཅོས་ཐོན་ཁུངས་རིམ་པ་བཞིན་གཞི་རིམ་དང་འབྲོག་དུད་ལ་ཐད་ཀར་ཁྱབ་ཡོད།
ད་ཆ་སྙན་རོང་རྫོང་གིས་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་སྤུས་ཚད་མུ་མཐུད་མཐོ་རུ་གཏོང་བཞིན་ཡོད་་ཅིང་། མ་དངུལ་སྒོར་དུང་ཕྱུར་1.348བཏང་བའི་སྨན་བཅོས་ཚོགས་པའི་ནུས་པ་ཆེ་རུ་གཏོང་བའི་རྣམ་གྲངས་ལ་སྐུལ་འདེད་བརྟན་པོ་བཏང་སྟེ། ལྟེ་བའི་སྨན་ཁང་གི་ཕྱོགས་བསྡུས་སྒོ་བསྟེན་སྨན་བཅོས་ཐོག་ཁང་དང་། གསོ་སྦྱོང་ལྟེ་གནས། དུག་སེལ་ཁང་། ནད་སྡོད་ཐོག་ཁང་། དེ་བཞིན་སྨན་རྩིས་ཁང་གི་ཕྱོགས་བསྡུས་ཐོག་ཁང་བཅས་སྐྲུན་འགོ་ཚུགས་ལ། ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་མང་པོ་ཞིག་ཀྱང་རིམ་སྤོར་ཐུབ་པས། “ན་དུས་སྨན་བཅོས་ཐུབ་པ”དང“ན་དུས་སྨན་བཅོས་ཡག་པོ་ཐུབ་པའི”བསམ་འདུན་བཟང་པོ་དེ་འབྲོག་པ་མང་ཚོགས་ཚོས་ཐད་ཀར་ལོངས་སྤྱོད་ཐུབ་པའི་བདེ་སྐྱིད་ཅིག་ཏུ་གྱུར་ཡོད།
(པ་སངས་ཚེ་རིང་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)