རྩྭ་ལྗང་མྱུ་གུས་ས་ཤུན་བརྟོལ་ཏེ་དགའ་བའི་ཞབས་བྲོ་ཅི་དགར་འཁྲབ། །
ཁ་དོག་མི་གཅིག་མེ་ཏོག་སྣ་ཚོགས་ཕན་ཚུན་མཚར་ཉམས་འགྲན་པར་བྱེད། །
འཇམ་མཉེན་ལྕུག་ཕྲན་ཡལ་ག་དག་ནི་ལན་བུའི་ཚུལ་གྱིས་ཐུར་དུ་འཕྱངས། །
ཨེ་མ་དཔྱིད་ཀྱི་དུས་སྟོན་འདི་ཡིས་དར་བབས་གཞོན་ནུའི་ཁེངས་པ་འཕྲོག །
སྙན་འཇེབས་གྲེ་འགྱུར་དབྱངས་ལ་མཁས་པའི་བྱ་བྱིའུ་རྣམས་ནི་གླུ་ལ་འགྲན། །
གཉིད་རྨུགས་སྟུག་པོའི་འདམ་ལས་གྲོལ་བའི་འབའ་འབུ་རྣམས་ནི་ཁྱར་ཁྱོར་འགྲོ །
བསིལ་འཁྱག་གྲང་རེག་རྩུབ་མོར་ཚུད་པའི་ཆུ་ཕྲན་རྣམས་ཀྱང་ལྷུང་ལྷུང་འབབ། །
ཨེ་མ་དཔྱིད་ཀྱི་དུས་སྟོན་འདི་ནི་རང་དབང་ལྷ་མོའི་སྤུན་དུ་གྱུར། །
བསེར་བུའི་རླུང་དང་ལྷན་ཅིག་འགྲོགས་པའི་དྲི་ཞིམ་སྣ་ཡི་བུ་གར་ཐིམ། །
རྨོན་མཛོའི་གཡེར་དྲིལ་གཞས་ཆུང་སྙན་པོས་ཨ་ཁུ་ཞིང་པའི་ངལ་དུབ་སེལ། །
ཟྭ་ཚོད་སྔོ་ཆུང་འོ་སྤྲི་དཀར་པོས་རོ་འཛིན་ལྕེ་རྣམས་མིད་པར་ཆུད། །
ཨེ་མ་དཔྱིད་ཀྱི་དགའ་སྟོན་འདི་ནི་སྐྱེ་འགྲོ་སྤྱི་ཡི་བསོད་ནམས་རེད། །