《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月31日

༄༅་།ཡིད་ལ་དྲན་པའི་ཕ་ཡུལ་།

བསོད་ནམས་རྡོ་རྗེ།

ཕ་ཡུལ་ཞེས་པ་ནི་དུས་ནམ་ཡང་ལག་པ་བསྲིངས་པ་ཙམ་གྱིས་སྙོབ་སར་ཡོད་ཅིང་། མིག་གིས་བལྟས་པ་ཙམ་གྱིས་མཐོང་སར་ཡོད་ལ། རྣ་ཡིས་ཉན་པ་ཙམ་གྱིས་ཐོས་སར་ཡོད།

ལོ་ཟླ་ཡུན་གྱིས་འདས་ཀྱང་ཕ་ཡུལ་དྲན་པའི་གདུང་བ་ནི་གཏན་དུ་འགོག་ཐབས་མེད། ཕ་ཡུལ་གྱི་མཛེས་ལྗོངས་དང་ཕ་ཡུལ་གྱི་དྲི་མ་དག་ཡིད་ཀྱི་དབང་ལྔར་རྒྱུ་དུས་ཕ་ཡུལ་ལྷག་ཏུ་དྲན་ཡོང་། ཕ་ཡུལ་ནི་ང་ཚོའི་ཐོག་མའི་འཕུར་ས་དང་མཐའ་མའི་ལོག་ས་ཡིན།

གནའ་མཁར་ཟི་ལིང་ནས་མཚམས་མཚམས་སུ་ཆར་ཞོད་རྗེས་ཀྱི་སྨུག་པ་ལང་ལོང་མཐོང་དུས་དང་ཙོང་ཆུ་རིང་མོའི་ཤག་སྒྲ་ཐོས་དུས། ཡིད་ཀྱི་དྲན་པའི་ངོས་སུ་ཐོག་མར་འཆར་བ་ནི་ཕ་ཡུལ་རེད། གནའ་མིའི་ཁ་དཔེར། “རང་ཡུལ་གད་པ་ཡིན་རུང་སྐྱིད” ཅེས་པ་ལྟར། ཕ་ཡུལ་ནི་འུ་ཅག་གི་རང་དབང་ངང་འཕུར་སྐྱོད་བྱེད་སའི་ནམ་མཁའ་དང་རྐྱལ་རྩལ་ངོམས་སའི་རྒྱ་མཚོ་ལྟ་བུ་རེད། ཕ་ཡུལ་ནི་ཁྱོད་རང་གི་ལུས་ཀྱི་ངལ་དུབ་སེལ་ས་དང་སེམས་ཀྱི་འཁང་ར་བྱོ་ས་རེད།

མི་ཚེའི་འགྲུལ་བཞུད་ཀྱི་དབང་གིས་ཕ་ཡུལ་གྱི་པང་དུ་ལོག་པའི་ཁ་གྲངས་ནི་ཇེ་ཉུང་དུ་འགྲོ་བཞིན་ཡོད་ལ། ཕ་ཡུལ་གྱི་རྣམ་པ་ཡང་དྲན་པའི་ཡོལ་རས་ངོས་སུ་མག་མོག་ཏུ་འགྱུར་བཞིན་འདུག ཕ་ཡུལ་དང་ངེད་གཉིས་ཀྱི་བར་ཐག་རི་རབ་དང་གཙང་པོ་མང་པོས་བཅད་ཟིན་ལ། རིམ་བཞིན་ང་ཡང་ཕ་ཡུལ་དང་ཁ་གྱེས་པའི་ཡུལ་གྱར་བ་ཞིག་ཏུ་གྱུར།

ཕ་ཡུལ་གྱི་དྲི་མ་ནི་སྤྱིར་བཏང་གི་དྲི་མ་ཞིག་མིན་ལ། དེ་ནི་ནག་ནོག་གི་བསླད་མ་འདྲེས་ཤིང་བབ་ཆགས་པའི་འབྲོག་པའི་འཚོ་བའི་དྲི་མ་ཡིན། ཕ་ཡུལ་གྱི་འཚོ་བ་ནི་ཟང་ཟིང་དང་གནོན་ཤུགས་ཀྱིས་ཁེངས་པའི་འཚོ་བ་མིན་ལ། དེ་ནི་བདེ་སྐྱིད་དང་དགོད་སྒྲ། ལྷོད་གཡེང་། རང་དབང་། གཡང་ཁྱིམ་གྲུ་བཞི་དང་། མཐིང་སྨུག་སྦྲ་ནག་གི་དུ་སྤྲིན་འཕྱོ་སའི་འཚོ་བ་ཡིན། ཕ་ཡུལ་ནི་ང་ཚོ་ཚང་མའི་ནང་སེམས་ཀྱི་ཆེས་དྭངས་གཙང་གི་གནས་མལ་ཡིན་ལ། ཕ་ཡུལ་ནི་འུ་ཅག་གི་གཏམ་རྒྱུད་ཀྱི་འགོ་ཁུངས་དང་ཕྱིར་དྲན་གྱི་འབྲས་བུ་སྨིན་ས་ཡིན།

ཕ་ཡུལ་ལགས། ཁྱེད་རང་ནམ་ཡང་ངའི་རྟག་བརྟན་གྱི་རྒྱབ་རི་བརྟན་པོ་དང་བརྗེད་མེད་ཀྱི་དྲན་པའི་རྡོ་རིང་ཡིན། ཁྱེད་ནི་ངའི་ལུས་ཀྱི་ཁྲག་རྩ་རུ་རྒྱུ་བའི་ཡིད་ཀྱི་དྲན་ཤིང་དང་། ཁྱེད་ནི་ང་ཚོ་ཁོ་ནར་དབང་བའི་བདེ་སྐྱིད་ཀྱི་སྐྱེད་ཚལ་དེ་ཡིན། ཁྱེད་ཀྱི་པང་ཁར་ངེད་ཅག་སྐྱེ་བོ་དུ་མའི་ཕྱིར་དྲན་དང་མངར་སྐྱུར་གྱི་འཚོ་བའི་རྗེས་ཤུལ་ལུས་ཡོད།