རྟེན་འབྲེལ་སྟོང་གིས་ཕྱུག་པའི་དེ་རིང་གི་ལྷན་འཛོམས་ཉིན་མོ་འདི།
འཛམ་གླིང་གི་ན་ཆུང་བུ་དང་བུ་མོ་ཚོའི་དུས་ཆེན་ཐེངས་དོན་དྲུག་པ་རེད།
འོད་ཟེར་སྟོང་གི་ཟེར་བརྒྱ་འཕྲོ་བའི་ཉིན་བཟང་སྐར་ཡག་གི་དུས་སྟོན་འདིར།
ངས་བཀྲ་ཤིས་གསེར་གྱི་ལྷ་དར་རིང་མོ།
སྙན་ངག་འདིའི་བསྡུས་བརྗོད་ངག་གི་མདུད་གསུམ་ཀློང་ནས།
ན་མཉམ་སྐལ་ལྡན་སློབ་བུ་ཁྱེད་ཚོར་རྟེན་འབྲེལ་དུ་ཕུལ་ཡོད།
ཁྱོད་ཚོས་ཕུགས་བསམ་གཙང་པོའི་རྒྱུན་གྱི་རླབས་ཕྲེང་ངོམ་བཞིན།
ཁྱོད་ཚོས་ཡ་ཆུང་སྙིང་ཁོངས་དྲོན་མོའི་བརྩེ་བ་བརྡོལ་བའི།
ཁྱོད་ཚོས་འཛམ་གླིང་ན་ཆུང་ཀུན་ལ་ལག་འཇུ་གཏོང་བའི།
སྙན་ལྷང་ལྷང་གི་བྱིས་གླུ་སྙན་མོའི་ངག་གི་སྒོ་འཕར་དལ་གྱིས་ཕྱེ་རོགས།
ཁྱོད་ཚོས་རེ་སྨོན་གྱི་ནམ་མཁའ་ལ་སྤྲིན་དཀར་ལྟ་བུའི་བྲོ་ཞིག་འཁྲབ་རོགས།
ཁྱོད་ཚོས་དྲིན་ཆེན་ཕ་མར་དྲིན་གཟོ་ཞུ་བའི་གཞས་ཤིག་གཏོང་རོགས།
ཁྱོད་ཚོས་བཤེས་གཉེན་དམ་པའི་ཐུགས་སེམས་གསོ་བའི་འཛུམ་ཞིག་སྟོན་རོགས།
ཁྱོད་ཚོས་ན་མཉམ་གྲོགས་པོའི་མཛའ་བརྩེ་མཚོན་པའི་སྙིང་གཏམ་གསུང་རོགས།
བདག་སྙིང་གི་ཟེའུ་འབྲུར་རོལ་བའི་གསར་སྐྱེས་མེ་ཏོག་ཚོ།
དྲུག་པའི་ཚེས་གཅིག་འདི་ལྟར་ཚེས་སོང་།
ཁྱོད་ཚོའི་དུས་ཆེན་འདི་ལྟར་ཤར་སོང་།
ཁྱོད་ཚོར་བདེ་སྐྱིད་ཉི་གཞོན་འདི་ལྟར་འཕྲོས་སོང་།
དུས་ཚིགས་འདིར་ཁྱོད་ཚོས་རང་གི་མདུན་སྐྱོད་ལམ་བུར་ཡིད་ཆེས་ཀྱི་འོད་སྣང་བསུ་རོགས།
ཉིན་མོ་འདིར་ཁྱོད་ཚོས་རང་གི་མི་ཚེར་ཡིད་འོང་གི་འཇའ་གུར་ཕུབ་རོགས།
དུས་སྟོན་འདིར་ཁྱོད་ཚོས་རང་གི་འཚོ་བའི་འདུན་མ་ལ་གཟིམ་མེད་ཀྱི་མར་མེ་སྒྲོན་རོགས།
ངའི་སྙིང་ཁར་བཞད་པའི་མེ་ཏོག་ལྟ་བུའི་བློ་གསལ་བྱིས་པའི་ཚོགས།
ཁྱོད་ཚོ་ནི་མི་རབས་ཤིག་གི་རེ་བའི་རི་རྩེ་ནས་ཤར་བའི་ཞོགས་པའི་ཉི་གཞོན་ཡིན་ལ།
ཁྱོད་ཚོ་ནི་དུས་རབས་ཤིག་གི་འཚོ་བའི་དབྱར་གཞུང་དུ་བཞད་པའི་གསར་སྐྱེས་མེ་ཏོག་ཡིན།
ཁྱོད་ཚོ་ནི་དགེ་རྒན་དམ་པའི་སློབ་སྟོན་གྱི་གདམས་ངག་བདུད་རྩི་འཐུང་བའི་རིག་པའི་ཕྱེ་ལེབ་ཁྱུ་གཅིག་དང་།
ཁྱོད་ཚོ་ནི་དྲིན་ཅན་ཕ་མའི་བྱམས་བརྩེའི་གྲུ་ཆར་འཇོ་བའི་ཁུ་བྱུག་ཁྱུ་གཅིག་ཡིན།
ད་དུང་། ཁྱོད་ཚོ་ནི་ལང་ཚོའི་མྱུ་གུ་འབུས་བཞིན་པའི་ཡུལ་ལྗོངས་ཤིག་གི་ཁ་དོག་དང་།
ཁྱོད་ཚོ་ནི་རིན་བྲལ་ཤེས་ཡོན་འཚོལ་བཞིན་པའི་ས་གནས་ཤིག་གི་སློབ་གསོའི་ཞིང་ས་ཡིན།
དེ་བས་ཀྱང་། ཁྱོད་ཚོ་ནི་ངའི་ཡིད་ཀྱི་རླབས་ངོགས་ན་བརྩོན་པའི་དེད་དཔོན་བསྟེན་པའི་མ་འོངས་བདག་པོ་ཡིན།
ཁྱོད་ཚོས་ནར་སོན་གྱི་ལོ་ཟླ་ལ་གཅེས་སྤྲས་དང་བདག་པོ་རྒྱག་བཞིན།
ཉིན་མཚན་རེ་རེ་བཞིན་ཤེས་བྱའི་ཁོ་ལག་རྒྱས་བཞིན་ཡོད་པས།
ཁྱོད་ཚོའི་ལང་ཚོ་ནི་ནོར་བུ་སྟོང་གིས་མི་ཁུག་པའི་མི་རིགས་འདིའི་རྒྱན་ཆ་ཡིན་ལ།
ཁྱོད་ཚོའི་དགོད་སྒྲ་ནི་ཡུན་རིང་གཉིད་དུ་ཤོར་བའི་རི་ལུང་གི་ལྷིང་འཇགས་དཀྲོག་པའི་བྲག་ཅ་ཡིན།
ཁྱོད་ཚོའི་རྨི་ལམ་ནི་དུས་རབས་གསར་པའི་ཚེ་སྲོག་གི་ལོག་མལ་བསྙེ་སའི་སྒྲ་དབྱངས་ཡིན།
ཨོ། ངའི་ཡིད་ཀྱི་པད་མའི་ཚལ་དུ་འཁོར་བའི་བུ་དང་བུ་མོ་ཚོ།
ཁྱོད་ཚོའི་དྭངས་གཙང་བབ་ཆགས་ཀྱི་གཤིས་ཀ་རེ་རེ་དང་།
ཁྱོད་ཚོའི་རྒན་བཀུར་བྱམས་སྐྱོང་གི་ཀུན་སློང་དང་སྤྱོད་པ་རེ་རེ།
ཁྱོད་ཚོའི་ཕ་མར་སྲི་ཞུ་དང་གཡོ་སྒྱུ་དང་རྫུ་བག་མེད་པའི་ཞབས་རྗེས་རེ་རེ།
འདི་དག་ཡོད་ཚད་དུས་གཅིག་ཏུ་དུས་དེ་རིང་གི་ཉིན་མོ་འདིའི་ཕང་བ་ནས་མངོན་པས།
ངས་རང་ཉིད་ཀྱི་རེ་བའི་འོད་སྣང་ཡོད་ཚད་ཁྱོད་ཚོར་ཕྱོགས་ཏེ།
སྨྱུ་གུའི་ཟློས་གར་ཐེངས་གཅིག་གི་དྲན་པའི་དབུགས་དབྱུང་ཡོད་ཚད།
ཁྱོད་ཚོའི་ཕྱིར་སྤྲོ་བས་བརྟས་ཤིང་དགའ་བས་མྱོང་བཞིན།
ཁྱོད་ཚོར་སེམས་གཏམ་མགུར་མའི་ཁ་བཏགས་འདི་ལྷོད་ཀྱིས་འཐེན་ནོ།