《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月31日

ལོ་གཅིག་རིང་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཁོངས་གཏོགས་ཀྱིས་མི་དམངས་ཀྱི་བདེ་ཐང་ལྟེ་བར་བཟུང་ནས་ཤུགས་འདོན་འགག་སྒྲོལ་དང་ལས་དོན་ཏན་ཏིག་བསྒྲུབས་པ།

བདེ་ཐང་གི་མཐུན་རྐྱེན་སྦྱར། བདེ་སྐྱིད་ཀྱི་རྨང་གཞི་བཏིང་།

འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་ནི་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་དང་འབྲེལ་བ་ཡོད་པ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། མཐའ་མཚམས་བརྟན་ལྷིང་འགན་ལེན་བྱེད་པ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རྨང་གཞི་གལ་ཆེན་ཞིག་རེད།

རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཏན་ཏིག་བཏང་ཞིང་། གྲུམ་བུ་ཚིགས་ཆེན་གྱི་ནད་དང་། ཐུམ་འབུའི་ནད། བྱིས་པའི་ལྷན་སྐྱེས་སྙིང་ནད། སྐྱ་སྒྲིབ་སོགས་ས་མཐོར་ཐོན་མང་བའི་ནད་རིགས་ཕྱོགས་བསྡུས་འགོག་བཅོས་འགག་སྒྲོལ་གྱི་བྱ་སྤྱོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཤམ་སྤེལ་དང་ས་ཁོངས་དོ་སྙོམས་བཀོད་སྒྲིག་ལ་སྐུལ་འདེད་བཏང་བ་རེད། ལོ་གཅིག་རིང་། རང་ལྗོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཁོངས་གཏོགས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་ཤུགས་ཆེན་བཏང་བས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་གི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་། གངས་ལྗོངས་ས་མཐོའི་བདེ་ཐང་གི་བཀྲག་མདངས་རབ་ཏུ་འཚེར་ཡོད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

མི་དམངས་ཀྱི་བདེ་ཐང་དྲ་རྒྱ་དེ་བས་སྲ་ཞིང་བརྟན་པ།

རྫོང་ཁོངས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་གཞི་གཅིག་ཅན་དང་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་ནི་གཞི་རིམ་གྱི་ནད་འགོག་སྨན་བཅོས་དང་བདེ་ཐང་དོ་དམ་ནུས་པ་ཆེ་རུ་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་དང་། ས་མཐོའི་མི་དམངས་ཀྱི་བདེ་ཐང་གི་འགོག་སྲུང་འཛིང་རགས་དང་པོ་བརྟན་དུ་གཏོང་བའི་འགན་ལེན་གལ་ཆེན་ཞིག་རེད།

“མིག་སྔར་ལྷུན་རྩེ་རྫོང་ལྟེ་བའི་སྨན་ཁང་གིས་སྤུས་ཚད་མཐོར་འདེགས་དང་བསྐྱར་སྐྲུན་ལས་གྲྭ་ལེགས་གྲུབ་ཟིན་པ་དང་། མཐོ་གནོན་གསོ་རླུང་ཁང་དང་། འགོ་ནད་ཐོག་ཁང་། བཙའ་སྒུག་ཁང་སོགས་གསར་སྐྲུན་བྱས་པ། ནད་ཁམས་ཁང་དང་གཤགས་བཅོས་ཁང་བསྐྱར་སྐྲུན་བྱས་པ། CTསོགས་སྒྲིག་ཆས་ཆེ་གྲས་ཉོ་སྒྲུབ་བཅས་བྱས་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་དང་རྫོང་ལྟེ་བའི་སྨན་ཁང་གི་ཡོན་ཀྲང་ཝུའུ་ཁྲེང་ལིན་གྱིས་ངོ་སྤྲོད་བྱས་པ་དང་། དེ་ནི་བོད་ཀྱི་རྫོང་ཁོངས་སྨན་བཅོས་སྤུས་ཚད་མཐོར་འདེགས་དང་རིམ་སྤོར་བྱས་པའི་མཚོན་ཚུལ་ཞིག་རེད།

བོད་སྐྱོར་རིགས་གཅིག་མཁས་ཅན་གྱི་གནད་སྨིན་མཛུབ་ཁྲིད་འོག ལྷུན་རྩེ་རྫོང་གི་སྨན་བཅོས་སྒྲིག་གཞིའི་ནད་བརྟག་སྨན་བཅོས་ལག་རྩལ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས། སྔ་རྗེས་སུ་ཟུག་མེད་ཕོ་ཤེལ་དང་ཟུག་མེད་ཕྲུ་གུ་བཙའ་བ་སོགས་ཀྱི་སྨན་བཅོས་ལག་རྩལ་གསར་པ་མང་པོ་སྤྱད་པས་མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་རྩ་ནས་དེ་བས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་དང་། སྨན་བཅོས་ཉམས་ལེན་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་པ་རེད།

གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི“འདེགས་སྐྱོར་བརྟན་པོ”སྲ་བརྟན་དུ་གཏོང་བ་དང་དུས་མཚུངས་རང་ལྗོངས་ཀྱིས་མང་ཚོགས་ཀྱི་བདེ་ཐང་དགོས་མཁོར་དམིགས་ནས་བདེ་ཐང་འགན་ལེན་གྱི་རྩ་བ་དེ་འཚོ་བའི་ཕྱོགས་གང་ཅིའི་ཐད་ལ་ཁྱབ་པར་བྱས་ཡོད། “ལོ་ལྟར་རིན་མེད་ངང་གཟུགས་པོར་བརྟག་དཔྱད་ཐེངས་རེ་བྱེད་པ་དེ་གོམས་འདུག སྨན་པས་ད་དུང་བརྟག་དཔྱད་བྱས་འབྲས་ལ་གཞིགས་ནས་དམིགས་སའི་རང་བཞིན་ལྡན་པའི་གྲོས་འགོ་འདོན་གྱི་ཡོད་སྟབས་ནང་མི་ཚང་མའི་བདེ་ཐང་ལ་འགན་ལེན་ཐུབ་ཀྱི་འདུག”ཅེས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་གྲོང་མི་ཟླ་བས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཟུགས་པོའི་བརྟག་དཔྱད་ལས་ཕན་པ་དངོས་དངོས་རྗེན་རྗེན་ཐོབ་པའི་སྐོར་བརྗོད་པ་རེད།

2025ལོར་རང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བདེ་ཐང་བརྟག་དཔྱད་བྱེད་པར་རྒྱུན་མཐུད་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བདེ་ཐང་བརྟག་དཔྱད་ཀྱི་ལོ་རེའི་མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར་64(མཆིན་ནུས་དང་། མཁལ་ནུས། ཁྲག་ཚིལ་སོགས་ཀྱི་བརྟག་དཔྱད་རྣམ་གྲངས་མང་དུ་བཏང་བ)མཐོ་རུ་བཏང་བས། གྲོང་མི་དཀྱུས་མར་སྒོར་164དང་ལོ་65ཡན་གྱི་གྲོང་མིར་སྒོར་200ཟིན་གྱི་ཡོད།

སྨན་བཅོས་ཞབས་ཞུའི་སྤུས་འབྲས་རྒྱུན་མཐུད་ལེགས་སུ་ཕྱིན་པ།

སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་ཆེར་གཏོང་བ་དང་དོ་སྙོམས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ་ནི་ས་མཐོའི་སྨན་བཅོས་ཞབས་ཞུ་དོ་སྙོམས་མེད་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་དང་བདེ་ཐང་དྲང་གཞག་ཡོང་བའི་རྩ་བའི་ཐབས་ཇུས་ཤིག་རེད། འཐབ་ཇུས་བཀོད་སྒྲིག་དེས་མིག་མཐོང་ལག་ཟིན་ཐུབ་པའི་འགྱུར་ལྡོག་ལ་བརྟེན་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྨན་བཅོས་རྣམ་པར་འགྱུར་ལྡོག་བཏང་དང་གཏོང་མུས་རེད།

“དེ་སྔ་རྩད་གཅོད་དཀའ་བའི་ནད་ཕོག་ཚེ་ལྗོངས་ཕྱིར་འགྲོ་དགོས་ཀྱི་ཡོད། ད་ཆ་ལྗོངས་ནང་ཁུལ་གྱི་རིགས་གཅིག་མཁས་ཅན་ཇེ་མང་དུ་འགྲོ་བ་དང་སྒྲིག་ཆས་སྔར་བས་སྔོན་ཐོན་དུ་གྱུར་ནས་ནད་གཞི་ཚབས་ཆེན་ཁྱིམ་གྱི་སྒོ་རྩ་ནས་སྨན་བཅོས་ཐུབ་ཀྱི་ཡོད”ཅེས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་གྲོང་མི་བཀྲ་ཤིས་ཀྱིས་སྨན་བཅོས་བྱས་པའི་མྱོང་ཚོར་བརྗོད་པ་དང་། དེ་ཐོག་ནས་མང་ཚོགས་ཀྱི་སེམས་གཏམ་མཚོན་པ་དང་། ཐོབ་སྣང་དེ་ལས་མངོན་པ་ནི་བོད་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ་དེ་རེད།

འདས་ཟིན་པའི་ལོ་གཅིག་ནང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ལྟེ་གནས(བོད་ལུགས་གསོ་རིག)དང་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང་སོགས་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ལག་བསྟར་བྱས་ཏེ་ས་མཐོའི་སྨན་བཅོས་ལ་རྒྱལ་ཁབ་རིམ་པའི་སྤུས་ལེགས་ཐོན་ཁུངས་བསྣན་ཡོད། ལྗོངས་ཡོངས་ཀྱི་བྲང་གཟེར་དང་། གཟའ་ཕོག་པ། ཉེན་ཚབས་ཆེ་བའི་སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་པའི་སྐྱེད་མ་སྐྱོབ་བཅོས་སོགས་ཀྱི“ལྟེ་གནས་ལྔ”36སྤྱོད་འགོ་ཚུགས་པ་དང་། རང་སྐྱོང་ལྗོངས་དང་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་མི་དམངས་སྨན་ཁང་ཚང་མ་ཀ་པ་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་དུ་གྱུར་པ། གཙོ་གནད་རོགས་སྐྱོར་ཐོབ་པའི་རྫོང་སྨན་ཁང་8“ཀ་པ་རིམ་པ་གཉིས་པའི”སྨན་ཁང་ལ་བདེ་བླག་ངང་བསྐྲུན་པ་རེད། བོད་ཀྱི་ས་གནས་དེ་གའི་ཉེན་ཁ་ཆེ་བའི་ནད་གཞི་ལྕི་རིགས་སྨན་བཅོས་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་རྙོག་འཛིང་ཆེ་བའི་གཤགས་བཅོས་བྱེད་པའི་གྲངས་འབོར་བརྟན་པོའི་ངང་འཕར་ནས་ནད་གཞི་ཚབས་ཆེན་བོད་ནས་སྨན་བཅོས་ཐུབ་པའི་དམིགས་ཚད་རིམ་བཞིན་མངོན་འགྱུར་འབྱུང་བཞིན་ཡོད་པ་རེད།

སྨན་བཅོས་འཕྲོད་བསྟེན་རུ་ཁག་རིམ་བཞིན་འཚར་ལོངས་བྱུང་བ།

ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཏ་ལེན་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོའི་སྨན་པ་ཀུའོ་ཁྲོན་ཅ་ཡིས་བུད་མེད་དང་བུ་བཙའི་ཚན་ཁག་ལ“སློབ་ཁྲིད་རྣམ་པའི་ནད་ཁང་ཞིབ་བཤེར་དང་། འདྲ་བཟོའི་ནང་སྦྱོང་། རང་ཚུགས་བཀོལ་སྤྱོད། བསྐྱར་ཞིབ་ཕྱོགས་སྡོམ”བཅས་ཀྱི་སྐས་རིམ་རྣམ་པའི་སློབ་ཁྲིད་བྱེད་སྟངས་ཇུས་འགོད་ཞིབ་ཚགས་བྱས་པ་རེད། བོད་སྐྱོར་སྨན་པའི་རོགས་རམ་འོག་ས་གནས་དེ་གའི་སྨན་པ་ཚེ་དབང་པད་མ་སྨན་བཅོས་བོད་སྐྱོར་གྱི“ཕན་པ་ཐོབ་མཁན”ནས་ས་མཐོའི་སྨན་བཅོས་བྱ་གཞག་གི“རྒྱུན་འཛིན་པར”གྱུར་ཡོད།

ཕན་པ་ཐོབ་མཁན་ཚེ་དབང་པད་མ་ཙམ་མ་ཟད། ད་ཆ་བོད་སྐྱོར་རིགས་གཅིག་མཁས་ཅན་དང་ས་གནས་དེ་གའི་སྨན་དོན་པའི་དབར་ཆ་སྒྲིག་རོགས་ཁྲིད་ཀྱི་ལམ་སྲོལ་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས“ནམ་ཡང་གནས་པའི”སྨན་བཅོས་རུ་ཁག་གཅིག་རྗེས་གཉིས་མཐུད་དུ་ཆགས་ཏེ་སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་དང་འདུ་ཤེས་ས་མཐོར་རྩ་བ་ཚུགས་པར་བྱས་ཡོད།

སྨན་བཅོས་ལག་རྩལ་གྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག་རང་ལྗོངས་ཀྱིས་སྨན་བཅོས་ཞབས་ཞུའི་འཇམ་ཤུགས་དུས་གཅིག་ཏུ་རིམ་སྤོར་བྱ་རྒྱུར་དེ་བས་སྣང་ཆེན་བྱས་ཤིང་། འདས་ཟིན་པའི་ལོ་གཅིག་ནང་ལྗོངས་ཡོངས་ཀྱི་སྨན་བཅོས་ཁོངས་གཏོགས་ཀྱིས་སྨན་བཅོས་ཞབས་ཞུའི་རྣམ་འགྱུར་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། ཞབས་ཞུའི་བརྒྱུད་རིམ་ལེགས་སུ་གཏོང་བ། སྨན་པའི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྨན་པ་དང་ནད་པའི་འཆམ་མཐུན་འབྲེལ་བ་ནུས་ཤུགས་ཡོད་རྒུས་བཏོད་ཡོད། རང་བྱུང་གནོད་འཚེ་འགོག་པ་དང་། ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་གཅོག་པ། སྐོར་སྐྱོད་ནད་བརྟག་སྨན་བཅོས་བྱེད་པ། མཐའ་མཚམས་ཀྱི་ཐག་རིང་ལུང་ཁུག་ས་ཁུལ་ལ་ཞབས་འདེགས་ཞུ་བ་སོགས་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་ལས་འགན་ཁྲོད་རྒྱ་ཆེའི་སྨན་བཅོས་འཕྲོད་བསྟེན་ལས་དོན་པས་ཐོག་མཐའ་བར་གསུམ་དུ་གདོང་མཆོང་བྱེད་བཞིན་ཡོད་པ་རེད། དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས་སྨན་དོན་མི་སྣ་འཕྲལ་མར་གེགས་ཁུལ་དུ་བསྐྱོད་དེ་རྨས་མ་སྐྱོབ་བཅོས་བྱས་པ་དང་། ས་ཡོམ་ཁྲོད་ཀྱི་མང་ཚོགས་ཀྱི་བདེ་ཐང་ལ་གནོད་འཚེ་མི་ཕོག་པ་གང་ཐུབ་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ས་མཐོའི་བདེ་ཐང་སྲུང་དམག་གི་འགན་འཁྲི་དང་ལས་འགན་ཧུར་ཐག་བསྒྲུབས་ཡོད།

མཉེན་ཆས་དང་མཁྲེགས་ཆས་གཉིས་ཀ་རིམ་སྤོར་བྱུང་ནས་མཐར་མི་རིགས་ཁག་གི་མང་ཚོགས་ཀྱི་དངོས་དངོས་རྗེན་རྗེན་གྱི་བདེ་ཐང་ཐོབ་སྣང་དུ་གྱུར་ཡོད། “ཏང་གི་སྲིད་ཇུས་ཡག་པོ་ཡོད་པས་ད་ཆ་སྨན་པ་བསྟེན་པར་སྟབས་བདེ་ལ་སྨན་རིན་ཡང་ཁེ་པོ་འདུག ནད་གཞི་ཆེན་པོ་ཕོག་ཚེ་ལྗོངས་ནང་ཁུལ་དུ་བཅོས་ཐུབ་ཀྱི་འདུག”ཅེས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཁྲོམ་གཞུང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པའི་གྲོང་མི་བཀྲ་ཤིས་ཕུན་ཚོགས་ཀྱི་བབ་ཆགས་པའི་སྐད་ཆ་འདི་ལས་མང་ཚོགས་ཁྲི་སྟོང་མང་པོའི་སེམས་གཏམ་མཚོན་ཡོད།

གྲངས་གཞི་གསར་ཤོས་ལས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་ར་སྤྲོད་བྱུང་བ་སྟེ། ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་7231བར་མང་དུ་ཕྱིན་པ་དང་། འཕྲོད་བསྟེན་ལག་རྩལ་མི་སྣ་ཁྲི་3.2ཟིན་པ། ནད་པའི་ཉལ་ཁྲི་ཁྲི་2.1ལས་བརྒལ་བ། ལོར་སྨན་བཅོས་བྱེད་ཚད་མི་ཐེངས་ཁྲི་1716ལས་བརྒལ་བ་བཅས་ལས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་གི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད།

(རིག་རྡོར་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)