《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月23日

ཀརྨ་ཚེ་བརྟན་གྱིས་ཀྲུང་གོ་ཞིང་ལས་དངུལ་ཁང་གི་ཧང་ཀྲང་ཝང་ཀྲི་ཧེང་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་21ཉིན་གནས་ཚུལ་འབྱོར་གསལ། ཚེས་20ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྷ་སར་ཀྲུང་གོ་ཞིང་ལས་དངུལ་ཁང་གི་ཧང་ཀྲང་ཝང་ཀྲི་ཧེང་བཅས་པ་དང་བཞུགས་མོལ་གནང་ནས་དངོས་སྒྲུབ་མཉམ་ལས་གཏིང་ཟབ་བྱ་རྒྱུའི་ཐད་སྤེལ་རེས་ཟབ་མོ་གནང་བ་རེད།

ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་ཝང་ཀྲི་ཧེང་དང་བཅས་པ་བོད་དུ་བརྟག་ཞིབ་ལ་ཕེབས་པར་དགའ་བསུ་ཞུས་པ་དང་ཀྲུང་གོ་ཞིང་ལས་དངུལ་ཁང་གིས་དུས་ཡུན་རིང་པོར་བོད་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་ཞིང་། ཁོང་གིས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ནུས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་ཤིག་རེད། བོད་ཀྱི་འཕེལ་རྒྱས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་དང་མདུན་ལམ་ཆེན་པོ་ལྡན་ཡོད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

ཀྲུང་གོ་ཞིང་ལས་དངུལ་ཁང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མུ་མཐུད་དོན་འཁྱོལ་བྱས་ནས་བོད་ལ་དེ་བས་ཐུགས་ཁུར་དང་རྒྱབ་སྐྱོར་བྱ་རྒྱུ་དང་། གནས་མང་ཁྱབ་ཆེ་དང་གྲོང་ཁྱེར་དང་གྲོང་གསེབ་ཏུ་གཞི་ཚུགས་པའི་ཐུན་མོང་མ་ཡིན་པའི་ལེགས་ཆ་ཡག་པོ་འདོན་པ། འཕེལ་རྒྱས་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་རེ་སྒུག་ལ་ཤུགས་རྒྱག་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས། དམངས་འཚོའི་བདེ་རྩ་ལེགས་གཏོང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས། ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་པ། རིམ་པ་མང་བ་དང་ཕྱོགས་ཡོངས་ཀྱི་དངུལ་རྩའི་མཉམ་ལས་ཧུར་ཐག་སྤེལ་བ། དངུལ་རྩའི“ལས་དོན་ཆེན་པོ་ལྔ”ཏན་ཏིག་སྒྲུབ་པ། སྤུས་ལེགས་ཀྱི་དངུལ་རྩའི་ཞབས་ཞུ་མཁོ་འདོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བོད་དུ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད། ང་ཚོས་སྔར་རྒྱུན་བཞིན་ཀྲུང་གོ་ཞིང་ལས་དངུལ་ཁང་ཚུད་པའི་དངུལ་རྩའི་སྒྲིག་གཞི་ཁག་བོད་དུ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ནས་དངུལ་རྩའི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་རྩེ་གྲ་བཏོད་དེ་ཕྱོགས་གཉིས་པོར་གཉིས་ཁེ་གཉིས་ཕན་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཝང་ཀྲི་ཧེང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་གོ་ཞིང་ལས་དངུལ་ཁང་བོད་དུ་འཕེལ་རྒྱས་འགྲོ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ཀྲུང་གོ་ཞིང་ལས་དངུལ་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ“དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། གཙོ་འགན་གཙོ་ལས་ལ་གཞི་ཚུགས་པ་དང་དམིགས་བསལ་གྱི་ལེགས་ཆ་འདོན་པ། དངུལ་རྩའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མུ་མཐུད་ཆེ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དེ་བས་ལེགས་པ་སྐོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་རྩོམ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།

(ཚེ་ཁོས་བསྒྱུར། བདེ་དབང་དང་ཚེ་ཁོས་ཞུས)